གཉལ་གཞུང་ཆུ་གྱ་གྱུའི་ངང་བཞུར་བ་ལས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་ངོས་སུ་ཡངས་པའི་ལུང་གཞུང་ཞིག་ཆགས་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རེད།
འདི་གའི་ནས་ནག་དང་། བཞོན་མ་ཁྲ་ཁྲ། བོད་བྱ་ནག་པོ། བོད་ཕག་ནག་པོ་བཅས་ལ་ནག་པོ་བཞི་ཞེས་སྐད་གྲགས་ཆེན་པོ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷུན་རྩེ་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ“ནག་པོ་བཞི”ཡི་ཐོན་ལས་ལ་མཐུན་རྐྱེན་ཟམ་མི་ཆད་པར་སྦྱར་ཡོད། ད་ཆ“ནག་པོ་བཞི”ཡི་ཐོན་རྫས་ཀྱི་སྐོར་གླེང་མ་ཐག་ཚང་མས་རིན་གོང་མཐོ་པོ་འདུག་ཅེས་བརྗོད་ཀྱི་ཡོད། འོ་ན་རིན་གོང་མཐོ་པོ་འདི་འདྲ་ཡོད་དགོས་དོན་ཡང་སྙིང་གང་ཡིན་ནམ་ཞེ་ན།
2025ལོའི་ནས་ནག་བསྡུ་བའི་དུས་ཚིགས་སུ་གསར་འགོད་པས་ལྷུན་རྩེ་རྫོང་གི“ནག་པོ་བཞི”ཡི་ཐོན་ལས་རེ་རེ་བཞིན་ལ་བཅར་འདྲི་བྱས་པ་ཡིན།
སེ་འདུས་ཚད་མཐོ་བའི་ས་ཞིང་དུ་སྐྱེས་པའི་ནས་ནག
མང་མཚོ་གྲོང་ཚོའི་ཡུལ་མི་པད་མ་རྡོ་རྗེས་རང་ཉིད་ཀྱི་ནས་ཞིང་དུ་འཕྲུལ་འཁོར་གཉིས་ནས་བརྔ་བསྡུ་བྱེད་པར་བོས། འཕྲུལ་ཆས་ཀྱི་ལྡིར་སྒྲའི་ཁྲོད་ཆུ་ཚོད་ཕྱེད་ཙམ་ཡང་མ་འགོར་བར་ནས་ནག་མུའུ་20འཕྲུལ་འཁོར་གྱིས་འཕྲལ་དུ་ཁྱིམ་ལ་དབོར།
“ད་ལོ་སྟོན་ཁ་ཆར་པ་མང་པོ་བབས་ཀྱང་འཕྲུལ་ཆས་འདི་རིགས་ཡོད་རྐྱེན་སྟོན་ལས་ཚར་གྲབས་ཡོད”ཅེས་བརྔ་བསྡུ་འཕྲུལ་འཁོར་ཆེན་པོ་དེར་ལྟ་བཞིན་ལྷུན་རྩེ་རྫོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་སྐལ་བཟང་ཚེ་རིང་གིས་བཤད་པ་དང་། བརྔ་བསྡུའི་འཕྲུལ་འཁོར་གྱི་འབྲུ་དོན་ས་ནས་ནས་ནག་སྦར་མོ་གང་བླངས་ཏེ་གསར་འགོད་པར“འབྲུ་རྡོག་ཆེན་པོ་འདུག ད་ལོ་ཡང་ཐོན་འབབ་ཡག་པོ་ཡོང་ངེས་རེད”ཅེས་བརྗོད།
“ལྷུན་རྩེ་ལུང་གཞུང་ནི་སེ་འདུས་ཚད་མཐོ་བའི་ས་ཆ་ཞིག་རེད། གཏེར་རྫས་རྩད་ཞིབ་སྡེ་ཚན་གྱིས་རྩད་བཤེར་བྱས་པ་བརྒྱུད། ལྷུན་རྩེ་རྫོང་གི་ནས་ནག་ཐོན་ཁུལ་གཙོ་བའི་ས་རྒྱུའི་ནང་སེ་འདུས་ཚད་དེ་སྤྱིར་བཏང་གི་ས་རྒྱུ་ལས་ཧ་ཅང་མང་བ་ཡོད”ཅེས་ལྷུན་རྩེ་རྫོང་གི་རྫོང་དཔོན་པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས།
ཆར་ཆུ་ཚད་རན་པོ་དང་སེ་འདུས་ཚད་མཐོ་བའི་ས་ཞིང་དབང་གིས་འདི་གའི་ནས་ནག་གི་སྤུས་ཚད་ཅུང་མཐོ་བ་དང་ཁྲོམ་རའི་རིན་གོང་ཡང་སྤྱིར་བཏང་གི་ནས་ལས་མཐོ་བ་ཡོད། 2023ལོའི་ཟླ་5ཚེས་10ཉིན། ལྷུན་རྩེ་རྫོང་འདི་ཉིད་འཛམ་གླིང་ཟིན་ཐོས(WRCA)“འཛམ་གླིང་གི་ནས་ནག་འདེབས་འཛུགས་རྟེན་གཞི་ཆེ་ཤོས”སུ་ཁས་ལེན་དཔང་འདོན་བྱས་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
འཕྲུལ་ཆས་ཅན་དང་ཚན་རྩལ་གྱི་མཐུན་རྐྱེན་སྦྱར་བས་ཉེ་བའི་ལོ་ཤས་རིང་ལྷུན་རྩེ་རྫོང་གི་ནས་ནག་འདེབས་ཁྱོན་མུའུ་ཁྲི་3.1བར་ཆེ་རུ་ཕྱིན་པ་དང་། མུའུ་རེའི་ཐོན་འབབ་རྒྱ་མ་490ནས་560བར་མང་དུ་ཕྱིན་ཡོད། སྔོན་དཔག་བྱས་ན་ད་ལོ་རྫོང་ཡོངས་སུ་ནས་ནག་གི་ཐོན་འབབ་ཏུན་9300ཟིན་བཟོ་ཡོད་པ་རེད།
ནས་ནག་གི་ཐོན་འབབ་ལོ་རེ་བཞིན་ཇེ་མཐོར་འགྲོ་བ་དང་བསྟུན་ནས་ལྷུན་རྩེ་རྫོང་གིས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ལའང་མཉམ་དུ་སྐུལ་འདེད་བཏང་ཞིང་། སྔ་རྗེས་སུ་བྱ་ཡུལ་ཞིང་ཞོར་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་། རི་རོང་བློ་བསྟན་ཞིང་འབྲོག་ཐོན་རྫས་ལས་སྣོན་མཉམ་ལས་ཁང་། ཁོའོ་ཡོན་ཞིང་འབྲོག་ལས་མ་རྐང་ཚད་ཡོད་ཀུང་སི་སོགས་སྐུལ་ཁྲིད་ནུས་པ་ཅུང་ཆེ་བའི་ལས་སྣོན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་ཏེ། ནས་ནག་གི་རྩམ་པ་དང་། ནས་ནག་གི་ཡོས། ནས་ནག་གི་ཆང་། ནས་ནག་གི་བརྔན་པ་སོགས་ཐོན་རྫས་བཏོན་ཡོད།
བཞོན་ཆུ་ལེགས་ལ་ཤ་ཤེད་རྒྱས་པའི་བཞོན་མ་ཁྲ་ཁྲ
བ་ཚང་ལ་གཙང་སྦྲ་ཚར་རྗེས་བསོད་ནམས་ཆོས་སྒྲོན་གྱིས་སླར་ཡང་བེའུ་ལ་འོ་མ་སྟེར་བར་བསྐྱོད། དེ་ནི་ཁོ་མོའི་ཉིན་གང་གི་ལས་ཀ་ལས་སླ་ཤོས་དེ་རེད། བསོད་ནམས་ཆོས་སྒྲོན་ནི་ལྷུན་རྩེ་རྫོང་གཉལ་གཞུང་ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་ར་བའི་ལས་མི་ཡིན་པ་དང་ཁོ་མོ་དེ་གར་ལས་ཀ་བྱས་ནས་ལོ་11འགྲོ་ཡི་ཡོད།
ནོར་བུ་ནི་བཞོན་མ་གསོ་ཚགས་ར་བའི་འགན་འཁུར་བ་རེད། ཁོ་པས་གསར་འགོད་པར་རྟེན་གཞིར་བཞོན་མ་ཁྲ་ཁྲ་900ལྷག་ཙམ་གསོས་ཡོད་ཅིང་། ཉིན་རེར་ཆ་སྙོམས་འོ་མ་ཏུན་5ཙམ་ཐོན་གྱི་ཡོད་པ་དང་། འོ་མ་སོས་པ་དེ་དག་ལྷོ་ཁ་དང་ལྷ་ས་སོགས་སུ་འཚོང་བ་མ་ཟད། རྫོང་ཡོངས་ཀྱི་སློབ་ཆུང་ཁག་ལ་ཡང་ཚགས་ཤ་དང་དཀར་ཆུའི་ཐོན་རྫས་མཁོ་འདོན་བྱེད་ཀྱི་ཡོད། “དེ་མིན་ང་ཚོས་ལྕི་བ་ཡང་འཕྲོ་བརླག་མི་གཏོང་བར་གནོད་མེད་ཐག་གཅོད་བྱས་པ་བརྒྱུད་སྔོ་ཚལ་དང་ཤིང་འབྲས་ལྡུམ་ར་དང་རྫོང་གྲོང་གི་སྔོ་ལྗང་ཁུལ་གྱི་སྐྱེ་ལྡན་ལུད་ལ་སྤྱོད་ཀྱི་ཡོད”ཅེས་ནོར་བུས་འཛུམ་དམུལ་དམུལ་ངང་བརྗོད།
སྐལ་བཟང་ཚེ་རིང་གིས“དུས་རབས་གོང་མའི་ལོ་རབས་70པའི་དུས་མཇུག་ནས་ད་ལྟའི་བར། རྒྱུད་པ་ལེགས་བཅོས་ཐེངས་བཞི་བྱས་པ་བརྒྱུད་ལྷུན་རྩེ་རྫོང་གི་བཞོན་མ་ཁྲ་ཁྲའི་ལོ་རེའི་ཆ་སྙོམས་འོ་མ་ཐོན་ཚད་རྒྱ་མ་400ལྷག་ཙམ་ནས་ད་ལྟའི་རྒྱ་མ་5000ལྷག་ཙམ་བར་འཕར་ཡོད་ཅིང་། བཞོན་མ་ཁྲ་ཁྲའི་མར་གྱི་མདོག་ཁ་དཀར་ལ་ཞག་ཚིལ་ཉུང་བས་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག”ཅེས་བརྗོད།
རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ན། དུས་རབས་20པའི་ལོ་རབས་80པ་ནས་བཟུང་རང་ལྗོངས་ཀྱིས་སྔ་རྗེས་སུ་ཤིས་མོན་ཐར་དང་། ཅོན་ཧྲན། ཧོ་སི་ཐན་བཅས་ཀྱི་བ་ཕྱུགས་ནང་འདྲེན་བྱས་པ་དང་། འབྲེལ་ཡོད་ཀྱི་ལག་རྩལ་བརྒྱུད་ས་བབ་མཐོ་བའི་ས་ཁུལ་ལ་འཚམ་པའི་བཞོན་མའི་རིགས་ནང་འདྲེན་དཀའ་བའི་གནད་དོན་ཐག་གཅོད་བྱས་ཤིང་། དུས་རབས་གོང་མའི་ལོ་རབས་90པར། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་བཞིན་ཧོ་སི་ཐན་གྱི་བ་ཕྱུགས་ཕ་ཕྱུགས་གཙོ་བོར་འཛིན་རྒྱུའི་གཏན་འཁེལ་བྱས་པ་རེད། ལྷུན་རྩེ་རྫོང་དེ་ཉིད་ལྗོངས་ཡོངས་ཀྱི་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་དཔེ་མཚོན་ཞིག་ཡིན་པའི་ཆ་ནས་ད་ལྟའི་བར་ལག་རྩལ་དེའི་རིམ་པར་བརྩི་སྲུང་ནན་པོ་བྱས་པས། ད་ལོ་བར་རྫོང་ཡོངས་ཀྱི་བ་གླང་རྒྱུད་པ་ལེགས་བཅོས་ཐུབ་ཚད་95%ཡན་ཟིན་པ་དང་བཞོན་མ་ཁྲ་ཁྲ་གསོ་ཚགས་བྱེད་ཚད་10734ཟིན་ཡོད།
སྒོ་ང་རེར་སྒོར་4རི་བའི་བོད་བྱ་ནག་པོ།
ལྷུན་རྩེ་རྫོང་གི་བོད་བྱའི་སྒོ་ང་རེར་སྒོར་4བྱེད་ཀྱི་ཡོད་པས་ཚང་མས་རིན་གོང་མཐོ་པོ་འདུག་ཅེས་བརྗོད་མོད། བོད་བྱ་ནག་པོ་གསོ་བར་དཀའ་ལས་ག་ཚོད་ཡོད་མེད་ཤེས་མཁན་ཉུང་ཉུང་རེད།
མང་མཚོའི་བོད་བྱ་ནག་པོའི་གསོ་ཚགས་མཉམ་ལས་ཁང་གི་བྱ་གསོ་ར་བར་སྐལ་བཟང་དགྲ་འདུལ་གྱིས་བྱ་དེར་སྟེར་རྒྱུའི་ལྟོ་ཆས་སྡེབ་སྦྱོར་བྱེད་བཞིན་ཡོད། ནས་ནག་གི་ཡོས་དང་། སྲན་ཕྱེ། ཆུ་ལྡུར། རྩྭ་མུ་ཤུད་བཅས་འགྱིག་ཕད་གང་བླུགས་རྗེས་ད་དུང་བཅུད་ལྡན་ལྟོ་ཆས་སྐྱོགས་འགའ་བསྣན་པ་དང་འགན་འཁུར་བ་བློ་བཟང་བཀྲ་ཤིས་ཀྱིས་ལྟོ་ཆས་ནང་ཆུ་ཕྲན་བུ་བླུགས་རྗེས་ག་ལེར་དཀྲུགས་དཀྲུགས་བཏང་།
“ང་ཚོའི་བྱ་དེར་ལྟོ་ཡག་པོ་སྟེར་དགོས”ཞེས་བོད་བྱ་ནག་པོ་གསོས་ནས་ལོ་བཅུ་གྲངས་འགའ་ཤས་སོང་བའི་བློ་བཟང་བཀྲ་ཤིས་དུས་རྒྱུན་ཁ་སྦུག་དོག་ཙམ་ཡོད་ཀྱང་བྱ་དེའི་སྐོར་གླེང་མ་ཐག་སྐད་ཆ་མང་པོ་ཤོད་རྒྱུ་ཡོད།
དང་ཐོག་ཁོ་པས་བྱ་དེ་170ལྷག་ཙམ་ལས་གསོས་མེད་ལ་སྤུ་མདོག་ཀྱང་སྣ་ཚོགས་ཡོད་པ་དང་རྒྱ་ཆེན་པོའང་མ་རེད། 2015ལོར། རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་བྱེད་པས་ཁོ་པར་བོད་བྱ་ནག་པོ་གསོ་རྒྱུའི་འོས་སྦྱོར་བྱས། ལོ་དང་པོར་ཁོ་པས་བྱ་ཕྲུག་བརྒྱ་ཕྲག་འགའ་གསོས་ཀྱང་མང་ཆེ་བ་གསོན་ཐུབ་མེད།
“ངའི་བཟའ་ཟླས་ད་དུང་བྱ་དེ་གསོས་ན་ནང་ལ་ལོག་མ་ཡོང་་ཟེར་གྱི་འདུག”ཅེས་ཤོད་སྐབས་བློ་བཟང་བཀྲ་ཤིས་ཀྱིས་ཁ་རས་བརྒྱབ་ཡོད་པས་ཁོ་པའི་རྣམ་འགྱུར་མཐོང་ཐབས་བྲལ། ཁོ་པས“ངས་བྱ་གསོ་ར་བར་ལོ་3བསྡད་པ་ཡིན། བོད་བྱ་ནག་པོ་གསོས་རྗེས་གཞི་ནས་ཁེ་བཟང་རག་བྱུང”ཞེས་བརྗོད།
རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་རོགས་སྐྱོར་འོག་བློ་བཟང་བཀྲ་ཤིས་ཀྱིས་བྱ་དེ་གསོ་བའི་ཐབས་ཤེས་རབ་དང་རིམ་པ་ཤེས་ཤིང་། བྱ་དེ་ཁྲི་2.5ལྷག་ཙམ་བར་མང་དུ་ཕྱིན་པ་དང་། བྱ་དེ་ནག་པོས་ལོ་ལྟར་སེ་འདུས་ཚད་མཐོ་བའི་སྒོ་ང་ཁྲི་བཅུ་གྲངས་གཏོང་གི་ཡོད་པ་རེད།
བྱ་དེ་དེ་དག་ནགས་ཁྲོད་དུ་འཚོ་བས། ནགས་ཁྲོད་ཀྱི་སེ་འདུས་ཚད་མཐོ་བའི་ལྟོ་ཟ་ཡི་ཡོད། བྱ་དེར་ལྟ་དགོས་བསམ་ན་ངེས་པར་དུ་དུག་སེལ་ནན་པོ་དང་ལྕགས་དྲ་གསུམ་སྒྲོལ་དགོས་ཀྱི་ཡོད།
“བོད་བྱ་ནག་པོའི་གཟུགས་པོ་ཆུང་ལ་སྒོ་ང་གཏོང་སྐབས་འཚོ་བཅུད་ཀྱི་ཟད་གྲོན་ཆེན་པོ་ཡོད”ཅེས་སྐལ་བཟང་ཚེ་རིང་གིས་བརྗོད་པ་དང་། ཁོ་པས་ལོ་འདི་དག་རིང་རྫོང་གི་ཚན་ཞིབ་རྣམ་གྲངས་བརྒྱུད་བོད་བྱ་ནག་པོའི་ཐོན་ལས་ལ་ལག་རྩལ་གྱི་མཛུབ་ཁྲིད་བྱས་པས་སྒོ་ང་ཐོན་ཚད་མཐོ་རུ་ཕྱིན་པ་དང་། ལོ་ལྟར་ད་དུང་ཆེད་དོན་རིམས་འགོག་ཐེངས་གསུམ་ཙམ་བྱེད་ཀྱི་ཡོད། མིག་སྔར་རིགས་གཅིག་མཁས་ཅན་གྱིས་ལྷུན་རྩེའི་བོད་བྱ་ནག་པོའི་གཞི་རྒྱུར་རིམ་འཇལ་བྱེད་བཞིན་ཡོད། དེ་ལྟར་བྱེད་དོན་ནི་ས་མཐོར་འཚམ་ཞིང་སྒོ་ང་མང་པོ་གཏོང་ཐུབ་པའི་ནུས་པ་གཏན་འཇགས་ཡོང་ཆེད་རེད་ཅེས་འགྲེལ་བཤད་བརྒྱབ།
འཚོ་བཅུད་ལེགས་ལ་བྲོ་བ་ཞིམ་པའི་བོད་ཕག་ནག་པོ།
ཕག་ལྟོ་སྟེར་མཁན་དེའི་མིང་ལ་ཚེ་རིང་ནོར་བུ་ཟེར་ཞིང་། ཁོ་པ་ནི་ལྷུན་རྩེ་རྫོང་ཡུལ་སྨད་ཀྱི་ཧུའུ་ནན་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་མི་ཡིན་པ་དང་། ཡུལ་སྨད་ཤང་གི་ཕྱི་རོལ་གསོ་ཚགས་རྟེན་གཞིར་བོད་ཕག་ནག་པོ་དེ་དག་ལ་ཆེད་མངགས་གཡོག་བྱེད་བྱེད་ཀྱི་ཡོད།
གདོད་མའི་ཕག་པའི་རིགས་ཤིག་ཡིན་པའི་བོད་ཕག་ནག་པོའི་ཕག་ཤའི་འཚོ་བཅུད་དང་བྲོ་བའི་ཐད་ལ་སེམས་ཁྲལ་གཏན་ནས་བྱེད་དགོས་མེད་ཅིང་། སྔར་ནས་བཟུང་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། ཧྲང་ཧའེ་དང་། ཀོང་ཀྲོའུ། ཧུའུ་ནན་སོགས་སུ་བོད་ཕག་ནག་པོའི་ཤ་སོས་པ་རྒྱ་མ་གང་ལ་སྒོར་60ནས་100བར་རག་གི་ཡོད།
ཀུང་སི་དེས་ལྷུན་རྩེ་རྫོང་དུ་བསྐྲུན་པའི་བོད་ཕག་ནག་པོ་ཁྲི་ཡི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་ནི་ཧུའུ་ནན་གྱིས་བོད་སྐྱོར་བྱས་པའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཤིག་ཡིན་ཞིང་། མང་མཚོ་གྲོང་ཚོར་ཡང་ཡོད། རྟེན་གཞིར་ཕག་པ་མགོ་གྲངས་མང་ཤོས་སྐབས་ལོར་བོད་ཕག་ནག་པོའི་ཕག་གསེབ་མགོ་གྲངས་3000དང་ཚོང་སྒྱུར་ཕག་པ་མགོ་གྲངས་ཁྲི་1ཙམ་བཤས་ཁོངས་སུ་གཏོང་གི་ཡོད། “ད་ཆ་ཕག་པ་མགོ་གྲངས་5800གསོས་ཡོད་པ་དང་། མི་རིང་བའི་གོང་མོ་ཕག་350བཤས་ཁོངས་སུ་བཏང་ཡོད”ཅེས་ཀུང་སིའི་གསོ་ཚགས་རྟེན་གཞིའི་འགན་འཁུར་བ་ཅཱ་ཀོང་རུང་གིས་གསར་འགོད་པར་བརྗོད།
སྐལ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་དོན། བོད་ཕག་ནག་པོ་ནི་ལྷུན་རྩེ་རྫོང་གི་དམངས་ཁྲོད་དུ་སྔ་མོ་ནས་ཐོས་རྒྱུ་ཡོད། གསོ་ཚགས་ཀྱི་གཞི་ཁྱོན་ཆེ་ཤོས་ནི་གསང་སྔགས་ཆོས་གླིང་ཤང་གི་རིག་འཛིན་རྡོ་རྗེའི་གསོ་ཚགས་རྟེན་གཞིར་རེད། ཁོ་པས་ཕྱི་རོལ་དུ་གསོ་ཚགས་བྱས་པའི་བོད་ཕག་ནག་པོའི་མགོ་གྲངས་3000ལྷག་ཙམ་ཟིན་པ་དང་། བོད་ཕག་ནག་པོའི་ཤ་ལྷོ་ཁའི་རྫོང་ཁག་དང་ལྷ་ས་སོགས་ལ་འཚོང་གི་ཡོད།