ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》ཡིས“རེས་སྐོར་གསར་པའི་རྒྱ་མ་དུང་ཕྱུར་སྟོང་གི་འབྲུ་རིགས་ཐོན་ནུས་རིམ་སྤོར་བྱ་སྤྱོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ”དང“རྨོ་ཞིང་གི་དམར་ཐིག་བརྟན་པོ་སྲུང་བ་དང་བཟུང་གསབ་སྙོམས་སྒྲིག་གི་དོ་དམ་ནན་པོ་བྱས་ནས་ཞིང་སྤྱོད་ས་ཞིང་གི་བཀོད་པ་ལེགས་སུ་གཏོང་བར་སྤྱི་འདོམས་བྱེད་པ”ཡི་སྐོར་ལ་བཀོད་སྒྲིག་གསལ་པོ་བྱས་ཐོག ས་མཐོའི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་སྔོན་ཆད་ཀྱི་ཁ་ཐོར་དང་ཕན་འབྲས་ཆུང་བའི་ས་ཞིང་དང་རྙིང་ཧྲུལ་བེད་མེད་ཀྱི་ས་ཁང་དེ་དག“ཞིང་ཁ་གྲུ་བཞི་དང་། ཡུར་བུ་གཅིག་འབྲེལ། ལམ་བུ་འབྲེལ་བ”བཅས་ཀྱི་ཞིང་ས་གཤིན་པོ་དང་འབྲུ་མཛོད་དུ་གྱུར་ནས་ས་ཞིང་བཅོས་སྒྲིག་བྱས་པ་དེས་རྨོ་ཞིང་གི་དམར་ཐིག་སྲུང་ཐུབ་པ་མ་ཟད། དེ་བས་གྲོང་གསེབ་དར་རྒྱས་ཀྱི་ནང་གནས་གསོན་ཤུགས་འཕེལ་ཏེ་མང་ཚོགས་ལ་ས་ཞིང་ལས་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་ཐོབ་ཡོད།
“སྔོན་ཆད་གྲོང་ཚོའི་ས་ཞིང་ཕལ་ཆེ་བ་ཐང་རྒོད་དང་ཁ་ཐོར་དུ་ལུས་ཡོད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
ད་ཆ་བཅོས་སྒྲིག་བྱས་རྗེས་རྨོ་ཞིང་མང་དུ་སོང་བའི་ཁར་ཞིང་ཁ་འདེབས་བདེ་རུ་ཡང་ཕྱིན་ཡོད”ལྷུན་རྩེ་གྲོང་རྡལ་ཡེར་པ་གྲོང་ཚོའི་གྲོང་མི་རྡོ་རྗེས་རྣང་མའི་སྟེང་ལངས་ནས་ཡུག་འབྲེལ་གྱི་ཞིང་བཟང་དེ་དག་ལ་ལྟ་བཞིན་དུ“གྲོང་ཚོའི་མཉམ་སྡེབ་ཀྱིས་ས་ཞིང་གི་ཁ་གསབ་དངུལ་བགོས་པ་དང་ངའི་ཁྱིམ་ལའང་བཀོད་སྒྲིག་འགྲོ་གྲོན་རག་བྱུང་། འཕྲུལ་ཆས་ཅན་དུ་འགྱུར་བས་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་བཏང་སོང”ཞེས་བདེ་སྐྱིད་ཆེན་པོ་ཚོར་བཞིན་བཤད།
གྲལ་བཤེར་ཞིབ་ཚགས་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་4དང་གྲོང་ཚོ་11གི་ཐོན་འབབ་དམའ་བའི་ས་ཞིང་མུའུ་2000ཙམ་དང་ཁང་རྙིང(ཁང་ས)27བཅོས་སྒྲིག་ཁྱབ་ཁོངས་ནང་བཅུག་ཡོད། རྙིང་བཤིག་བསྐྱར་སྦོལ་དང་རྨོ་འདེབས་ལ་འཚམ་པའི་རྗེས་གྲབས་ཐོན་ཁུངས་གསར་སྤེལ་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན་རྨོ་ཞིང་མུའུ་2169གསར་སྣོན་བྱས་པར་འཛུགས་སྐྲུན་ཐད་སྤྱོད་པའི་བསྡོམས་འབོར་མང་དུ་མི་འགྲོ་བ་དང་། ཞིང་སྤྱོད་ས་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བ། ས་ཞིང་སྤྱོད་པའི་བཀོད་པ་ལེགས་གཏོང་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ནས་རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་བྱུང་ཐོན་ཁུངས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།
“རྣམ་གྲངས་གཏན་འཁེལ་བ་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་བར་ཟླ་བ་11ཙམ་ལས་མ་འགོར་བར། ས་ཞིང་མུའུ་2169ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་ལྷུན་རྩེ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་དང་ལས་གྲྭའི་སྤུས་ཚད་དང་ལས་ཕྱོད་འགན་ལེན་བྱ་ཆེད། ལྷུན་རྩེ་རྫོང་གིས་ཡོངས་བསྒྲགས་ངང་འོས་སྐུལ་བྱས་པ་བརྒྱུད་ཆེད་ལས་དཔུང་ཁག་ནང་འདྲེན་བྱས་ཏེ“དོ་བདག་གི་འཐུས་མི་དང་། ལྟ་ཞིབ་དོ་དམ་ཚན་པ། ཇུས་འགོད་དཔུང་ཁག རྗེས་སྙེག་རྩིས་བཤེར”བཅས་ཕྱོགས་བཞིའི་ལྟ་འདོམས་ལམ་སྲོལ་བཟོས་ཏེ་གྲོང་མིས་མཐུན་སྦྱོར་དང་ལག་རྩལ་མཛུབ་ཁྲིད་བྱེད་པ་ནས་སྤུས་ཚད་སྟངས་འཛིན་གྱིས་འཁོར་འབྲེལ་ཧྲིལ་པོའི་དོ་དམ་ཚོད་འཛིན་བྱེད་པའི་བར་མ་དངུལ་ཚང་མ་དགོས་མཁོ་ཆེ་ཤོས་སུ་སྤྱོད་ཐུབ་པར་བྱས་ཡོད།
ལྷུན་རྩེའི་ས་གཞི་ཆེ་མོར་དེང་རབས་ཞིང་ལས་ཀྱི་འཆར་གཞི་ཞིག་རིམ་བཞིན་བཏིང་བ་སྟེ། རྨོ་ཞིང་མུའུ་937.67དེ་དག་སྤུས་ཚད་མཐོ་པོས་སྒྱུར་བཀོད་བྱས་པ་དང་། བེད་སྤྱོད་བྱས་མེད་པའི་ས་ཞིང་མུའུ་136.96དེ་དག་གསར་སྤེལ་ནུས་ལྡན་བྱུང་བ། ས་ཞིང་མུའུ་2032.04ཡི་ས་བཅུད་ཆེ་རུ་བཏང་བར་ས་རྒྱུ་གཤིན་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་དང་། ཆུ་ཡུར་སྨི་13426དང་། ཆུ་འདྲེན་ངར་ལྕགས་ཀྱི་ཝ་ཁ་སྨི་818 འབྲུབ་འགོག་ཆུ་རགས་སྨི་1733 ཆུ་འདྲེན་ལྕགས་མདོང་སྨི་2562བཅས་དང་དེ་བཞིན་ཆུ་ལེན་ས་གཅིག་ལས་ཆུ་འདྲེན་ཆུ་འབུད་མ་ལག་འཐུས་ཚང་ཞིག་གྲུབ་ནས་གནམ་ཆུ་སྒུག་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ། འཕྲུལ་རྨོའི་ལམ་བུ་སྨི་9358ཞིང་ནང་དུ་ཤར་གཏོང་ཐུབ་ནས་ཞིང་ལས་འཕྲུལ་ཆས་གང་སར་གཏོང་ཐུབ་པ་དང་། “ཞིང་ཁ་གྲུ་བཞི་ཆགས་པ་དང་། ལམ་བུ་ཤར་གཏོང་ཐུབ་པ། སྐམ་སར་ཆུ་འདྲེན་ཐུབ་པ། ཆར་ཞོད་ཆུ་འབུད་ཐུབ་པ། ས་བཅུད་ཡག་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་བཅས་རེད།
“སྔོན་ཆད་ས་ཞིང་ཁ་ཐོར་ཡིན་པས་ཆུ་གཏོང་དཀའ་བ་དང་སྐྱེལ་འདྲེན་ཡང་ཁག་པོ་ཡོད་སྟབས་ས་ཞིང་མུའུ་ཁ་ཤས་འདེབས་པར་ཡང་དཀའ་ལས་ཆེན་པོ་རྒྱག་དགོས། ད་ཆ་ས་ཁོད་སྙོམས་པ་དང་ཆུ་ཡུར་ཤར་གཏོང་ཐུབ་ནས་ཞིང་འཕྲུལ་ཆེ་གྲས་ཐད་ཀར་ཞིང་ནང་དུ་གཏོང་ཐུབ་པས་ངའི་ཁྱིམ་གྱི་ནས་མུའུ་10ཡི་ཐོན་འབབ་ན་ནིང་ལས་30%ཡིས་མང་དུ་ཕྱིན་སོང”ཞེས་ཡེར་པ་གྲོང་ཚོའི་འབྲུ་འདེབས་དུད་ཆེན་ཉི་མས་ཚན་རིག་དང་མཐུན་པའི་བཅོས་སྒྲིག་བྱས་པ་དེས་ས་ཞིང་འདེབས་པར་ངལ་བ་ཆུང་ལ་ཕན་འབྲས་ཆེ་བ་མ་ཟད། ད་དུང་ཚང་མའི་འབྲུ་རིགས་འདེབས་པའི་ཧུར་སེམས་ཀྱང་ཇེ་ཆེར་འགྲོ་གི་ཡོད་ཅེས་དགའ་ཚོར་ཆེན་པོས་བཤད།
ས་ཞིང་བཅོས་སྒྲིག་བྱས་པ་དེས་རྨོ་ཞིང་གི་ཐོན་འབབ་འཕར་བ་དང་སྤུས་ཚད་ཡག་ཏུ་སོང་བའི་ཁར། ད་དུང་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གསོན་ཉམས་དོད་པོས་ལག་ལེན་བསྟར་བ་མཚོན་ཡོད། ས་ཞིང་གསར་སྤེལ་བཅོས་སྒྲིག་བྱས་པ་བརྒྱུད། ལྷུན་རྩེ་རྫོང་གིས་རྨོ་ཞིང་མུའུ་1690.47(དེའི་ནང་རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་མུའུ་951.89ཚུད་པ)རིམ་སྤོར་བྱས་པ་དང་། རྙིང་བཤིག་བསྐྱར་སྦོལ་བྱས་པ་བརྒྱུད་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་ལྷག་མའི་སྟོན་རྟགས་མུའུ་169རིམ་སྤོར་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཆེད་ས་ཞིང་སྤྱོད་པའི་འགན་ལེན་བརྟན་པོ་བྱས་པ་རེད།
ཉི་མ་ནུབ་ཁར་གནམ་གྲུའི་ནང་ནས་པར་བརྒྱབ་པའི་ལྷུན་རྩེ་རྫོང་གི་ཁོད་སྙོམས་པའི་ཞིང་ཁ་དང་། འཕྲེད་གཞུང་དུ་ཆགས་པའི་གཞུང་ལམ། འཐུས་སྒོ་ཚང་བའི་ཆུ་ཡུར་དང་གྲོང་ཚོ་གསར་རྐྱང་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་གྱུར་ཞིང་། ལྷུན་རྩེ་རྫོང་གིས་ས་ཞིང་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་གྲོང་གསེབ་དར་རྒྱས་ཀྱི་ལག་ལེན་ཁྲོད་མཉམ་འདྲེས་བྱས་པས་རྨོ་ཞིང་གི་དམར་ཐིག་བསྲུངས་བ་མ་ཟད། ཐོན་ལས་རིམ་སྤོར་དང་། དམངས་ཕྱུག་གྲོང་དར། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་བཅས་ཀྱི་ས་མཐོའི་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་གངས་ལྗོངས་ཀྱི་ཞིང་ས་གཤིན་པོར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བར་བྱས་ཡོད།
(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་ཆེ་བ་དང་པ་ཕན་གྱིས་ཞུས)