འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་2ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ལོ་གསར་གྱི་སྔ་ནུབ་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་2026ལོའི་ལོ་གསར་གྱི་ཤིས་ཚིག་གི་བཀའ་མོལ་རེ་རེ་ལས་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་འཕེལ་རྒྱས་ལ་བཅངས་པའི་ཐུགས་རེ་མཚོན་པས། གངས་ལྗོངས་ས་མཐོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། ལས་ཁུངས་སྡེ་ཚན་ནས་གྲོང་ཁྱེར་གྲོང་རྡལ་གྱི་སྲང་ལམ་བར་དང་། ཞིང་ནང་འབྲོག་ར་ནས་སྡེ་ཁུལ་བར། རང་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དྲོ་སྐྱིད་དང་སྐུལ་ལྕག་དེ་ཉིད་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར་ནས་རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་མུ་མཐུད་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་བྱམས་པ་བསྟན་ཆོས་ཀྱིས“ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ཉན་སྐབས། གཞི་རིམ་ཤང་གྲོང་གི་ལས་བྱེད་པ་ཞིག་ཡིན་པའི་ངས་མཐའ་མཚམས་མི་རིགས་ས་ཁུལ་ལ་བཅངས་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དངོས་སུ་ཚོར་བྱུང་། ‘ལོ་ལྔ་ཚན་བཅུ་བཞི་པར’ཕྱིར་མིག་བལྟས་ན། བོད་ཀྱི་ཤང་གྲོང་གི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། ཁང་པ་གསར་པ་བརྒྱབ་པ། ཡོང་འབབ་མང་དུ་སོང་བ། མང་ཚོགས་ཀྱི་འཛུམ་མདངས་རབ་ཏུ་རྒྱས་པ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་བརྟན་པོའི་ངང་མདུན་དུ་སྐྱོད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ‘ལོ་ལྔ་ཚན་བཅོ་ལྔ་པར’རྒྱང་ལྟ་བྱེད་སྐབས། ང་ཚོས་མུ་མཐུད་ས་མཐོར་རྩ་བ་ཚུགས་ནས་འཐབ་ས་དང་པོར་འབད་འཐབ་བྱས་ཏེ། ཤིས་ཚིག་གི་དགོངས་དོན་མཐའ་མཚམས་སྲུང་སྐྱོང་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དངོས་ལ་སྒྱུར་གྱི་ཡིན”ཞེས་སེམས་འགུལ་ཆེན་པོས་བརྗོད།
མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཀྲང་ཞའོ་ཀང་གིས“‘དམངས་ཀྱི་འཚོ་བར་དོན་ཆུང་ཟེར་བ་མེད། ཆུང་ཙག་ཐམས་ཅད་བརྩེ་བ་བཅངས་ནས་སྒྲུབ’ཅེས་པ་ལྟར། འདས་ཟིན་པའི་ལོ་གཅིག་ནང་ང་ཚོའི་སྨན་ཁང་གིས‘ཀ་པ་རིམ་པ་གསུམ་པའི’སྨན་ཁང་ལེགས་གྲུབ་ལྡན་པའི་ངང་བཙུགས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཚད་མཐོའི་མཐོང་ཆེན་གནང་བ་ལས་བྱུང་བ་དང་ས་མཐོའི་སྨན་དོན་པ་ཡོངས་ཀྱི་འབད་འཐབ་རྔུལ་ཆུ་ལས་བྱུང་བ་ཞིག་རེད། སྨན་ཁང་ཡོངས་ཀྱིས་ཤིས་ཚིག་གི་དགོངས་དོན་དོན་དངོས་ཀྱི་བྱ་སྤྱོད་ལ་བསྒྱུར་ཏེ། སྨན་བཅོས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། སྨན་བཅོས་གཅིག་འབྲེལ་གྱི་མཉམ་ལས་ཟབ་ཏུ་གཏོང་བ།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་ས་མཐོའི་ནད་གཞི་འགོག་བཅོས་དང་འཕྲལ་སྡོམ་སྐྱོབ་བཅོས་ཐད་རྒྱུན་མཐུད་ནུས་ཤུགས་བཏོན་ཏེ་མངའ་རིས་མང་ཚོགས་ཀྱིས་སྒོ་རྩ་ནས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱེད་ཀྱི་ཡིན”ཞེས་བརྗོད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བར་སྐོར་གནའ་གྲོང་སྤྱི་བདེ་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྟོབས་རྒྱལ་གྱིས“ཤིས་ཚིག་ནང‘མཚམས་འཇོག་མེད་པར་མདུན་དུ་སྐྱོད་པའི་ཧུར་སེམས་རྒྱུན་འཁྱོངས་བྱེད་དགོས’ཞེས་གསུངས་པ་དེ་ནི་གཞི་རིམ་མི་དམངས་ཉེན་རྟོག་པའི་རྣམ་ཀུན་གྱི་ལས་ཀའི་རྣམ་འགྱུར་རེད། ཉེ་བའི་ལོ་ཤས་རིང་ང་ཚོས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། གནའ་གྲོང་གི་དུས་བདེ་སྲུང་སྐྱོང་བཅས་ཀྱི་ལས་དོན་རེ་རེ་ནི‘དུས་བདེའི་ལྷ་ས’བསྐྲུན་པའི་ལག་ལེན་ཞིག་ཡིན་ལ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་སྐྲུན་པར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད། ལོ་གསར་པར་ང་ཚོས་ལྷག་བསམ་གངས་ལྟར་དཀར་བའི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཡུན་རིང་བཞད་པར་འབད་བརྩོན་བྱེད་ཀྱི་ཡིན”ཞེས་བརྗོད།
གནམ་ལོ་གསར་ཚེས་ཀྱི་ཉིན་མོར། ཞོགས་པའི་ཉི་གཞོན་ཤར་རིའི་སྤོ་ནས་ཤར་མ་ཐག་སྨན་གླིང་གྲོང་ཁྱེར་ཆབ་ནག་མཐའ་མཚམས་མངགས་གཏོང་ཁང་གི་སྐོར་གཡེང་རུ་ཁག་ལམ་ལ་ཆས་འགོ་ཚུགས། མི་དམངས་ཉེན་རྟོག་པ་རྣམས་ཀྱིས་པུས་མོ་དིམ་པའི་གངས་དཀྱིལ་དུ་ལྗིད་ཏིག་ཏིག་གི་རྐང་རྗེས་རེ་རེ་བཞག་ནས་བསྐྱོད་ཅིང་། མཐའ་མཚམས་ཀྱི་གནད་ཆེའི་ལམ་བུར་གྲལ་བཤེར་བྱེད་འགོ་ཚུགས། མི་དམངས་ཉེན་རྟོག་པ་ཚོས“ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལས་ང་ཚོའི་བློ་སྟོབས་སྔར་བས་ལྡབ་འགྱུར་གྱིས་འཕེལ་བ་དང་། ང་ཚོས་གདེང་ཚོད་བརྟན་པོས་མེས་རྒྱལ་གྱི་མཐའ་མཚམས་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་བྱེད་ངེས་ཡིན”ཞེས་བློ་བརྟན་འགྱུར་མེད་ངང་བརྗོད།
2025ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་གིས“ཐོན་ལས་དམངས་ཕྱུག”གི་དམིགས་ཚད་གཞི་རྩར་བཟུང་ནས“ཤང་རེར་མཉམ་ལས་ཁང་རེའི”རྣམ་པ་གཏིང་ཟབ་ཏུ་བཏང་སྟེ་བོད་ཕག་གསོ་ཚགས་གཞི་ཁྱོན་ཆེ་རུ་བཏང་བ་དང་། བོད་རག་བཟོ་གྲྭ་ནས་ལོ་རེར་ཨ་རག་རྒྱ་མ་6000ཐོན་པ་མ་ཟད། ཐོན་ཚོང་གི་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་སྟེ་ལོ་མཇུག་ཏུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་83དང་གྲོང་ཚོ་ཨུ་ལྷན་14ལ་ཁེ་སྤོགས་སྒོར་ཁྲི་9.8བགོས་ནས་མང་ཚོགས་ལ་ཁེ་སྤོགས་མཉམ་སྤྱོད་བྱས་པ་རེད། ལྷ་རི་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྙེའུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་དབང་ཆེན་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས“མཚམས་འཇོག་མེད་པར་མདུན་དུ་སྐྱོད་པའི་ཧུར་སེམས་རྒྱུན་འཁྱོངས”བྱས་ཏེ་མང་ཚོགས་ཁྱད་ལྡན་ཐོན་ལས་དང་གྲོང་གསེབ་ཡུལ་སྐོར་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་། གསབ་སྣོན། སྟོབས་ཆེ་བཅས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཐུན་མོང་འབྱོར་ཕྱུག་གི་བགྲོད་ལམ་ཐོག་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་བཅས་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་ཕུར་སྒྲོན་གྱིས་ཞུས)