འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལའེ་ཅའོ་ཡིས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དང་རྫ་ཡུལ་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་སྒོས་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་དང“མཉམ་ལྔ་བརྟན་ལྔའི”ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་གཞི་རིམ་གྱི་ཏང་ཡོན་རྒན་གྲས་དང་གྲོང་ཚོའི་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།
ལའེ་ཅའོ་ཡིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་སུ་བཏོན་པའི་འདུ་ཤེས་གསར་པ་དང་། ཆོད་སྡོམ་གསར་པ། བླང་བྱ་གསར་པ་བཅས་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། རྩ་དོན་གལ་ཆེན། འཕེལ་རྒྱས་ཀྱི་དམིགས་ཚད། འཐབ་ཇུས་ཀྱི་ལས་འགན་བཅས་ལ་གོ་བ་གཏིང་ཟབ་ལེན་པ། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བར་སྣེ་ཁྲིད་བྱེད་དགོས།
བརྟག་ཞིབ་བྱེད་རིང་། ལའེ་ཅའོ་ཡིས་ཆུ་དཔོན་ལམ་ལུགས་ཀྱི་ཐད་ཀའི་འགན་འཁྲིའི་ཁུལ་རྭ་འོག་མཚོར་མཚོ་སྐོར་ལས་དོན་སྤེལ་བ་དང་། ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་དང་། ཆུའི་ཁོར་ཡུག་ལ་བཅོས་སྐྱོང་། ཆུའི་སྐྱེ་ཁམས་ལ་ཉམས་གསོ་བཅས་ཀྱི་ཤུགས་ཆེར་བཏང་ནས་རྭ་འོག་མཚོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། རྫ་ཡུལ་རྫོང་ས་མ་གྲོང་ཚོ་དང་གཤོང་མཇུག་གྲོང་ཚོར་ལའེ་ཅའོ་ཡིས་ཏང་ཡོན་རྒན་གྲས་དང་གྲོང་ཚོའི་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་ནས། ཁོང་ཚོར་ལྗོངས་ཏང་ཨུད་ཀྱི་དྲོ་སྐྱིད་དང་ཐུགས་ཁུར་མཚོན་པར་བྱས་ཏེ་ཁོང་ཚོས་རང་ངོས་ཀྱི་ལེགས་ཆ་ཧུར་ཐག་བཏོན་ནས་མང་ཚོགས་ཀྱི་སྙིང་ཉེ་བ་དང་སྣེ་ཁྲིད་པ་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།