《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月15日

བོད་བྱང་ཐང་གི་གྲོང་རྡལ་ཆུང་ངུར་མཚོ་བོད་ལྕགས་ལམ་ལས་སྟབས་བདེ་གང་མང་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་ཆུ་ཚོད་10དང་སྐར་མ་56གི་ཐོག་ཟི་ལིང་ནས་ལྷ་སར་བསྐྱོད་པའི་མེ་འཁོར་Z9817ས་བབ་སྨི་4721ཡོད་པའི་བྲག་སྨུག་ས་ཚིགས་སུ་ཁ་བཀག་པ་དང་། ཆུ་ཚོད་11ཏག་ཏག་ལ་མེ་འཁོར་སླར་ཡང་རྡོག་ཐོན་བྱས། ས་ཚིགས་སུ་སྐར་མ་4ཙམ་བསྡད་པ་དེས་ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་དང་དེའི་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་4ཡི་ལས་བྱེད་པ་དང་མང་ཚོགས་ཁྲི་1ཙམ་གྱི“ཁྱིམ་གྱི་སྒོ་རྩ་ནས་མེ་འཁོར་སྡོད་པའི”རེ་སྒུག་མངོན་འགྱུར་བྱུང་ཡོད།

“བྲག་སྨུག་ས་ཚིགས་ནི་མཚོ་བོད་ལྕགས་ལམ་མཚོ་སྔོན་ནས་བོད་ཀྱི་ས་ཁོངས་སུ་འབྱོར་རྗེས་ལམ་རྒྱུད་ཀྱི་ཤང་དང་གྲོང་རྡལ་དུ་བཙུགས་པའི་འགྲུལ་པ་འབབ་འཛེགས་ས་ཚིགས་དང་པོ་དེ་ཡིན་ལ། མིག་སྔར་ལམ་ཐིག་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་འབབ་འཛེགས་ས་ཚིགས་ཀྱང་རེད”ཅེས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་གོར་མོ་མེ་འཁོར་ལས་ཚུགས་ཀྱི་ཏོན་ཀྲང་གཞོན་པ་ཁྲེང་ཙེང་ཀོང་གིས་ངོ་སྤྲོད་བྱས།

“སྔོན་ཆད་ཨ་མདོ་རྫོང་གྲོང་དུ་སྐྱོད་སྐབས་རླངས་འཁོར་ལ་བསྡད་དེ་འགྲོ་འོང་བྱེད་ཐེངས་གཅིག་ལ་ཆུ་ཚོད་12ཙམ་འགོར་གྱི་ཡོད་པ་དང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཁ་བ་བུ་ཡུག་གི་གནམ་གཤིས་བསྟན་ཚེ་འགྲོ་ལམ་ཤར་གཏོང་ཐུབ་རྒྱུ་སྒུག་ནས་སྡོད་རྒྱུ་ལས་མ་འདས། ད་ཆ་འགྲོ་ཐེངས་གཅིག་ལ་ཆུ་ཚོད་གཉིས་ལས་འགོར་གྱི་མེད་པས། སྟབས་བདེ་ལ་བདེ་འཇགས་ཀྱང་ཆེན་པོ་འདུག རྗེས་སུ་ཕྲུ་གུ་སློབ་གྲྭར་འགྲོ་བ་དང་། རྒན་རྒོན་སྨན་ཁང་དུ་བསྐྱོད་པ། ཡུལ་མི་ཚོས་ཚོང་ཟོག་སྐྱེལ་འདྲེན་བྱེད་པ་བཅས་ཚང་མར་སྟབས་བདེ་བསྐྲུན་འདུག”ཅེས་ལོ་53ལ་སླེབས་པའི་བྲག་སྨུག་གྲོང་རྡལ་མུ་ནེ་ས་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བདེ་སྐྱིད་ཀྱིས་འབབ་ཚུགས་སྟེགས་བུ་ནས་མིག་ལ་མཆི་ཞག་འཁོར་བཞིན་དུ་བཤད།

བྲག་སྨུག་ས་ཚིགས་ལ་ས་བབ་སྨི་4721ཡོད་པ་དང་འཁོར་སྒུག་ཁང་ལ་སྨི་ངོས་གྲུ་60ཙམ་ཡོད། མ་གཞི་མེ་འཁོར་འབབ་ཚུགས་ཆུང་ཙམ་ཡོད་མོད། འོན་ཀྱང་དམངས་ཕན་ཞབས་ཞུའི་སྒྲིག་ཆས་ཧ་ཅང་ཆ་ཚང་པོ་ཡོད། ཉིན་རེར་མེ་འཁོར་ཐེངས་གཉིས་འབྱོར་གྱི་ཡོད་པའི་ནང་མེ་འཁོར་Z9817དེ་གར་སྐར་མ་4དང་Z9818སྐར་མ་2སྡོད་གྱི་ཡོད། མེ་འཁོར་དང་གྲོང་རྡལ་ཆུང་ངུ་དབར་གྱི་སྐར་མ་དྲུག་གི“མཁའ་ལམ་གྱི་ཁ་ཆད”ལས་གདང་ལའི་བྱང་རྒྱུད་ས་ཁོངས་སུ“ལྕགས་ལམ་ཡོད་ཀྱང་འགྲུལ་སྐྱེལ་མེད་པའི”ལོ་རྒྱུས་མཇུག་འགྲིལ་བ་རེད།

བྲག་སྨུག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས“མེ་འཁོར་སྐར་མ་དྲུག་སྡོད་པ་དེ་འགྲིམ་འགྲུལ་གྱི་ཁེ་སྤོགས་ཤིག་ཡིན་ལ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་དམངས་འཚོའི་བདེ་རྩ་ཞིག་དེ་བས་ཀྱང་རེད”ཅེས་བཤད།

(པད་ཆོས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)