《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月15日

ཝང་ཅུན་ཀྲེང་གིས་ཀྲུང་གོ་གུང་ཁྲན་ཏང་བོད་ལྗོངས་སློབ་ཆེན་གྱི་ཏང་ཡོན་འཐུས་མི་ཚོགས་ཆེན་ཐེངས་གཉིས་པར་མཆན་བཀོད་མཛུབ་སྟོན་གནང་བ།

མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས་འགོ་འཛུགས་ས་གསར་པར་ནུབ་རྒྱུད་ཀྱི་ཆུ་ཚད་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་རྣམ་པའི་སློབ་ཆེན་མགྱོགས་མྱུར་སྐྲུན་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་གུང་ཁྲན་ཏང་བོད་ལྗོངས་སློབ་ཆེན་གྱི་ཏང་ཡོན་འཐུས་མི་ཚོགས་ཆེན་ཐེངས་གཉིས་པར་མཆན་བཀོད་མཛུབ་སྟོན་གནང་བ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ལྗོངས་སློབ་ཆེན་ནི་ཀྲུང་གོ་གསར་པས་གངས་ལྗོངས་ས་མཐོར་བཙུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་པོ་དེ་རེད། སློབ་གྲྭ་བཙུགས་ནས་ལོ་བདུན་ཅུ་ལྷག་ཙམ་རིང་། སློབ་གྲྭས་ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བཅས་བྱས་པས། ས་མཐོའི་མཐའ་མཚམས་མི་རིགས་ས་ཁུལ་དུ་དེང་རབས་མཐོ་རིམ་སློབ་གསོ་གཉེར་བར་གྲུབ་འབྲས་ཐོབ་པའི་བགྲོད་ལམ་ཞིག་འཚོལ་ཞིབ་ཐུབ་ནས། བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས། འཕེལ་རྒྱས་བཅས་ཀྱི་བྱ་གཞག་ཁག་ལ་བློས་འགེལ་ཆོག་པ་དང་། སྤྱོད་ཐུབ་པ། གནས་ཐུབ་པ། ལས་དོན་ཡག་པོ་སྒྲུབ་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་ཐུབ་ཡོད། ལྷག་པར་དུ། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཚུན། སློབ་གྲྭའི་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་མ་ཟད།“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་རྒྱལ་ཁབ་ཀྱི་ས་མཐོའི་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་གྱི་དམིགས་ཚད་ལ་གཞིགས་པས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། རིག་ཚན་གཏོད་པ། ཤེས་ལྡན་པ་གསོ་སྐྱོང་། ཚན་ཞིབ་གསར་གཏོད། ས་གནས་ལ་ཞབས་འདེགས་ཞུ་བ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཚང་མར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཝང་ཅུན་ཀྲེང་གིས་ཐུགས་རེ་གནང་དོན། སློབ་གྲྭས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་གོ་སྐབས་སུ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་ལེན་གཏིང་ཟབ་བསྟར་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་གཙོ་རྐང་དུ་འཛིན་པ་དང་། རྩ་སྲ་སེམས་སྐྱེད་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་མ་ལག་ཕྱོགས་ཡོངས་ནས་འཛུགས་སྐྱོང་དང་། མི་འབོར་གྱི་བྱང་ཚད་མཐོར་གཏོང་དང་། མི་སེམས་མཐུན་སྒྲིལ་དང་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་དང་སྐྱེད་སྲིང་བཅས་ལ་དམིགས་ནས། ཏང་དང་རྒྱལ་ཁབ་དང་དེ་བཞིན་བོད་ལ་དགའ་ཞེན་ཡོད་པ་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་མཉམ་དུ་འཕེལ་རྒྱས་གཏོང་བར་སྤྱི་འདོམས་སྐུལ་འདེད་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཏེ་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་ཟབ་ཏུ་རྒྱུན་མཐུད་གཏོང་བ་དང་། རིག་ཚན་གྱི་ཁྱད་ཆོས་དང་ལེགས་ཆ་ཤུགས་ཆེར་གཏོང་བ། གསར་གཏོད་ཤེས་ལྡན་པ་རྩེ་གྲ་གསོ་སྐྱོང་བྱེད་པ། ཐོན་སློབ་ཞིབ་སྤྱོད་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཚན་རིག་ལག་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་རྒྱུན་བཞིན་བོད་ལྗོངས་སློབ་ཆེན་གྱི་འཛུགས་སྐྲུན་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ་བོད་ལྗོངས་སློབ་ཆེན་གྱི“རྩེ་གྲ་གཉིས”འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པ་དང་། པུའུ་ཨུད་དང་ལྗོངས་ཀྱི་མཉམ་སྐྲུན་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས། འགོ་འཛུགས་ས་གསར་པར་ནུབ་རྒྱུད་ཀྱི་ཆུ་ཚད་མཐོ་ཞིང་ཕྱོགས་བསྡུས་རང་བཞིན་དང་ཞིབ་འཇུག་རྣམ་པའི་སློབ་ཆེན་མགྱོགས་མྱུར་སྐྲུན་དགོས།

ཟླ་12ཚེས་11ཉིན། བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་ཀྲུང་གོ་གུང་ཁྲན་ཏང་བོད་ལྗོངས་སློབ་ཆེན་གྱི་ཏང་ཡོན་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་འགོ་ཚུགས་པ་རེད།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་གིས་ཀྲུང་གོ་གུང་ཁྲན་ཏང་བོད་ལྗོངས་སློབ་ཆེན་ཨུ་ཡོན་ལྷན་ཁང་སྐབས་དང་པོའི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་སྒྲོན་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་ཚོགས་འདུར་ཞུགས་པ་རེད།