འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་རུ་སྣེ་ཁྲིད་དེ་འབྲེལ་གཏུག་བྱ་ཡུལ་མལ་གྲོ་གུང་དཀར་རྫོང་དུ་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱས་ཤིང་། དེའི་རིང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་དགོན་པའི་གྲྭ་བཙུན་ལ་གཟིགས་པ་དང་འཚམས་འདྲི་བྱས་པ་རེད།
བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སྔ་རྗེས་སུ་རྫོང་དེའི་བཀྲ་ཤིས་སྒང་ཤང་གཟི་ཕུག་གྲོང་ཚོ་དང་། རྨམ་པ་ཤང་རྟར་འབྲུག་གྲོང་ཚོ། འབྲི་གུང་མཐིལ་དགོན། ཐང་སྐྱ་ཤང་སོགས་ལ་ཟབ་སྐྱོད་ཀྱིས་གཞི་རིམ་བཅོས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ས་ཡུལ་དངོས་སུ་གྲོང་གསེབ་དར་རྒྱས་དང་། ཆོས་ལུགས་ལས་དོན་དོ་དམ། ནགས་དཔོན་ལམ་ལུགས་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ལྟ་ཞིབ་ཀྱང་བྱས་པ་རེད།
ཝུའེ་ཤིའུ་ཁྲང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་དེ་བས་ཆེ་རུ་བཏང་སྟེ་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱེད་དགོས་པ་དང་། ཐོན་ཁུངས་ཀྱི་རང་སྤུས་ལ་གཞིགས་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། སྤུས་རྟགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། ནགས་ལས་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱེད་པ། ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་རོགས་རམ་བྱེད་པ། དབུལ་སྒྲོལ་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་མལ་གྲོའི་དཔེ་མཚོན་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་བྱས་པ་རེད།