《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月15日

བསྟན་པས་ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་ལྷ་ས་གྲོང་ཁྱེར་གདོང་དཀར་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་སྣེའུ་བཙོག་ཆུ་གཙང་གསིང་བཟོ་གྲྭར་ཕེབས་ནས་ས་གནས་ས་ཐོག་ཏུ་སྒྲིག་ཆས་སྙོམས་སྒྲིག་འཁོར་སྐྱོད་དང་། བཙོག་ཆུ་གཙང་གསིང་བཟོ་རྩལ་དང་དེ་བཞིན་ལེ་ལག་ཚང་བའི་མདོང་དྲ་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ་དང་། གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་བསྡུ་རུབ་དང་གཙང་གསིང་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

བསྟན་པས་གསུངས་དོན། གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ་ནི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ལྷ་ས་གྲོང་ཁྱེར་དང་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་། ལྷག་བསམ་རྣམ་དག་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིཊ་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་བསྡུ་རུབ་ཐག་གཅོད་ལ་དམ་འཛིན་ནན་པོ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ནུས་ཤུགས་དང་སྦགས་བཙོག་འགོག་བཅོས་ལས་དོན་གྱི་སྤུས་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

བསྟན་པས་ནན་བཤད་གནང་དོན། གཞི་གཅིག་ཅན་གྱི་མཐུན་སྦྱོར་མཐའ་འཁྱོངས་ཀྱིས་བཀོད་སྒྲིག་དང་། འཛུགས་སྐྲུན། འཁོར་སྐྱོད་བཅས་ཀྱི་ལྷུ་ཚིགས་ཁག་སྤྱི་འདོམས་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་མིའི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་དང་གྲོང་ཁྱེར་གྱི་ཆར་ཆུ་དང་བཙོག་ཆུའི་ཆུ་རྒྱུན་ཕྲལ་འདྲེན་སྒྱུར་བཀོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བཙོག་ཆུ་བསྡུ་རུབ་གཙང་གསིང་བྱེད་ནུས་བརྒྱུད་རིམ་ལྡན་པའི་ངང་ཆེ་རུ་གཏོང་དགོས། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཚོ་བའི་བཙོག་ཆུ་བསྡུ་རུབ་གཙང་གསིང་གི་འབྲེལ་ཡོད་ཁྲིམས་སྲོལ་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་སྒྲིག་འགལ་གྱི་བཙོག་འབུད་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། མང་ཚོགས་ལ་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཚད་ལྡན་ངང་ཐག་གཅོད་བྱ་རྒྱུར་ཁྲིད་སྟོན་ནུས་ལྡན་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ས་བབ་མཐོ་བའི་ས་ཁུལ་གྱི་བཙོག་ཆུ་གཙང་བསིང་གི་ཚན་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཁོངས་ཀྱི་སྦགས་བཙོག་བཅོས་སྐྱོང་ནུས་པ་དང་ཆུའི་ཁོར་ཡུག་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།