《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月07日

སློབ་གསོའི་སྤུས་ཚད་ལེགས་སུ་བཏང་། དུས་རབས་གསར་པའི་མི་གསར་སྐྱོང་།

—— གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞིས་ཆེན་ཤང་ལྟེ་བའི་སློབ་ཆུང་གི་རིག་གནས་སློབ་གསོ་དང་ངལ་རྩོལ་སློབ་གསོ་ཟུང་འབྲེལ་གྱི་སློབ་གསོའི་ལག་ལེན་རྟེན་གཞིར་འབྲས་བཟང་ཐོབ་པའི་སྐོར་བཀོད་པ།

འདི་ནི་ལྷ་རྩེ་རྫོང་གཞིས་ཆེན་ཤང་ལྟེ་བའི་སློབ་ཆུང་གི་སློབ་མས་ཞོག་ཁོག་འདེབས་བཞིན་པ།

འདི་ནི་ལྷ་རྩེ་རྫོང་གཞིས་ཆེན་ཤང་ལྟེ་བའི་སློབ་ཆུང་གི་སློབ་མས་ངལ་རྩོལ་བྱེད་བཞིན་པ།

འདི་ནི་ལྷ་རྩེ་རྫོང་གཞིས་ཆེན་ཤང་ལྟེ་བའི་སློབ་ཆུང་གི་སློབ་མས་རང་ཉིད་ཀྱིས་བཏབ་པའི་ལ་ཕུག་སྟོན་བཞིན་པ།

འཕྲིན་སྤེལ་བ། སྡིངས་ཕྲུག་པ་སངས་ཚེ་རིང་།

ཉེ་བའི་ལོ་ཤས་རིང་། ལྷ་རྩེ་རྫོང་གཞིས་ཆེན་ཤང་ལྟེ་བའི་སློབ་ཆུང་གིས་སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ལ་ཤུགས་སྣོན་དང་སློབ་ཁྲིད་སྤུས་ཚད་ལེགས་སུ་བཏང་སྟེ། ཁྱོན་ཡོངས་ནས་དུས་རབས་གསར་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གང་ལེགས་བྱ་རྒྱུ་དེ་དམིགས་ཡུལ་དུ་བཟུང་ནས། རིག་གནས་སློབ་གསོ་དང་ངལ་རྩོལ་སློབ་གསོ་ཟུང་འབྲེལ་གྱིས་སློབ་གསོའི་ལག་ལེན་རྟེན་གཞི་བཙུགས་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་རེད།

ངལ་རྩོལ་སློབ་གསོའི་ལག་ལེན་རྟེན་གཞི་བཙུགས་ཚུན། སློབ་གྲྭ་དེས་སྔ་ཕྱི་བར་གསུམ་དུ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་སོགས་ཕྱོགས་ཡོངས་ཀྱི་བྱང་ཚད་སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་བར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། དགེ་རྒན་གྱི་ཁྲིད་སྟོན་འོག སློབ་མ་ཚོས་སློབ་ཁང་ནང་གི་སློབ་ཁྲིད་ཀྱི་ཤེས་བྱ་དང་དོན་དངོས་ལག་ལེན་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། དཔྱིད་དུས་ས་བོན་བཏབ་པ་ནས་སྟོན་དུས་འབྲས་བུ་བསྡུ་བའི་བར་གྱི་བརྒྱུད་རིམ་ཁག་ནང་ཧུར་ཐག་ཞུགས་ནས། སློབ་ཁང་ནང་གི་རིག་གཞུང་ཤེས་བྱ་དང་སློབ་ཕྱིའི་ངལ་རྩོལ་གྱི་ཚན་རྩལ་གྲུབ་འབྲས་ལ་ཉམས་ལེན་གཏིང་ཟབ་ཐུབ་པར་བྱས་ཡོད་པ་རེད།

སློབ་མ་ཚོས་དཔྱིད་དུས་ས་བོན་འདེབས་སྐབས་དགའ་ཚོར་ཆེན་པོས་དཀའ་སྤྱད་འབད་འཐབ་ཀྱིས་རང་ལག་འགུལ་ནས་པད་ཚལ་དང་ལ་ཕུག ཞོག་ཁོག་སོགས་ཀྱི་འདེབས་འཛུགས་བྱེད་སྒོའི་ནང་འཚང་ག་ཤིག་ཤིག་ངང་ཞུགས་པ་མ་ཟད། རྒྱུན་དུ་ངལ་རྩོལ་སློབ་གསོའི་ལག་ལེན་བྱེད་སྒོར་ཚལ་ཞིང་ནང་རྩྭ་ངན་བཀོག་པ་དང་ཆུ་རྒྱག་པ་སོགས་བྱེད་ཀྱི་ཡོད། སྟོན་དུས་སློབ་གྲྭའི་ཚལ་ཞིང་ནང་འབྲས་བུ་སྨིན་པ་མཐོང་སྐབས་ཚང་མའི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་སྟེ། འབྲས་བུ་བསྡུ་བའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་ངལ་རྩོལ་ནི་གཟི་བརྗིད་དང་ངལ་རྩོལ་པ་ནི་གཟི་བརྗིད་ཡིན་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལོ་ཏོག་ལ་གཅེས་སྤྲས་དང་ཟས་རིགས་འཕྲོ་བརླག་མི་གཏོང་བ་སོགས་ཀྱི་གཟི་བརྗིད་སྤྱོད་བཟང་སློབ་གྲྭའི་ནང་དར་སྤེལ་ཧུར་ཐག་བཏང་ཡོད་པ་རེད།

སློབ་གྲྭའི་སློབ་སྤྱི་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭས་གཉིས་ཡང་སྲིད་ཇུས་སྔར་བས་དོན་འཁྱོལ་གཏིང་ཟབ་དང་མི་སྣ་གསོ་སྐྱོང་གི་དམིགས་ཚད་ལས་འགན་ཁག་ལག་བསྟར་ཡག་པོ་བྱ་ཆེད། 2022ལོའི་ལོ་འགོར་གཞིས་ཆེན་ཤང་ལྟེ་བའི་སློབ་ཆུང་གིས་སློབ་གྲྭའི་ནང་མུའུ་4ཙམ་ཟིན་པའི་ངལ་རྩོལ་སློབ་གསོའི་ལག་ལེན་རྟེན་གཞི་བཙུགས་ནས་སློབ་མ་ཚོས་སློབ་ཁང་ནང་སྦྱངས་ཟིན་པའི་ཤེས་བྱ་དག་དོན་དངོས་ཀྱི་ལག་ལེན་ཁྲོད་ལག་བསྟར་བྱས་པས། ཐུན་མོང་གི་བྱེད་སྒོའི་སྤྲོ་སྣང་ཉམས་སུ་མྱོང་བ་དང་ངལ་རྩོལ་སློབ་གསོའི་ལག་ལེན་ཁྲོད་རང་ཉིད་ཀྱི་འཇོན་ཐང་གང་ལེགས་མངོན་ཐུབ་པ་བྱུང་ཡོད་ལ། སློབ་མའི་ཟ་ཁང་གི་ཚལ་རིགས་སྣ་མང་ཕུན་སུམ་ཚོགས་སུ་སོང་ནས་ཚང་མའི་ཟས་རིགས་གྲོན་ཆུང་གི་འདུ་ཤེས་ཀྱང་ཟབ་ཏུ་སོང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། གཞིས་ཆེན་ཤང་ལྟེ་བའི་སློབ་ཆུང་དུ་ད་ཡོད་སློབ་མ་མི་གྲངས་756ཡོད་པ་དང་དེའི་ནང་ལོ་ཆུང་གདོང་ལེན་རུ་མི་636ཡོད་པ། དགེ་རྒན་མི་གྲངས་62ཡོད་པ་དང་དེའི་ནང་ཏང་ཡོན་མི་གྲངས་42ཡོད་པ་རེད། སློབ་ཕྲུག་ཚོས་རང་སོ་སོས་ལག་པ་འགུལ་ནས་བཏབ་བའི་པད་ཚལ་དང་ལ་ཕུག ཞོག་ཁོག་སོགས་ལ་རྣམ་ཀུན་ནས་བདག་སྐྱོང་ཡག་པོ་བྱས་ཏེ། ངལ་རྩོལ་སློབ་ཚན་སྐབས་སུ་རང་འགུལ་ངང་ཆུ་རྒྱག་པ་དང་རྩྭ་ངན་འཐུ་བ་སོགས་ངལ་རྩོལ་གྱི་གྲུབ་འབྲས་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད།

ངལ་རྩོལ་སློབ་གསོའི་ལག་ལེན་རྟེན་གཞི་བཙུགས་པ་དེས་གཅིག་ནས་སློབ་མའི་གསར་གཏོད་ཀྱི་ནུས་པ་དང་དོན་དངོས་ལག་ལེན་གྱི་འཇོན་ཐང་ཆེ་རུ་སོང་ཡོད་ལ། གཉིས་ནས་སློབ་སྦྱོང་གི་ཁུར་པོ་ཡང་དུ་སོང་བ་དང་ཟས་རིགས་གྲོན་ཆུང་ཐུབ་པ། གསུམ་ནས་སློབ་མའི་ཟ་ཁང་གི་ཚལ་རིགས་སྣ་ཁ་ཕུན་སུམ་ཚོགས་སུ་ཕྱིན་པ། བཞི་ནས་ཕྱོགས་ཡོངས་ཀྱི་སློབ་གསོའི་སྤུས་ཚད་ལེགས་སུ་སོང་བ་སོགས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་པ་རེད།

སློབ་གྲྭ་དེར་2021ལོར་བོད་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་གཏོད་ཀྱི་བྱེད་སྒོའི་དཔེ་སྟོན་སློབ་གྲྭ་དང་། 2022ལོར་བོད་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་སློབ་གྲྭ། 2021ལོ་ནས་2022ལོ་བར་གྱི་རང་སྐྱོང་ལྗོངས་སྐེ་དར་དམར་པོའི་དཔེ་སྟོན་སློབ་གྲྭ རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་ཤེས་དཔལ་ལྡན་པའི་སློབ་གྲྭ་དང་གཞིས་རྩེ་གྲོང་ཁྱེར་སྐབས་ལྔ་པའི་ཤེས་དཔལ་ལྡན་པའི་སློབ་གྲྭ གཞིས་རྩེ་གྲོང་ཁྱེར་སྐབས་དང་པོའི་ལོ་ཆུང་གདོང་ལེན་རུ་མིའི་སྔོན་ཐོན་མཉམ་སྡེབ་ཚན་པ། གཞིས་རྩེ་གྲོང་ཁྱེར་འབྱུང་ཁམས་ཤེས་དཔལ་གྱི་དཔེ་སྟོན་སློབ་གྲྭ གཞིས་རྩེ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་མཉམ་སྡེབ་ཚན་པ། ལྷ་རྩེ་རྫོང་ཕྱོགས་བསྡུས་སློབ་གསོའི་དོ་དམ་སྔོན་ཐོན་ཚན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད་ལ། ཉེ་བའི་ལོ་གསུམ་ནང་། སློབ་གྲྭ་དེའི་སློབ་གསོ་སློབ་ཁྲིད་ཀྱི་ཆ་སྙོམས་སྦྱངས་འབྲས་རྫོང་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།