གཡའ་དག་པའི་ནམ་མཁའི་མཐོངས་ནས་ཉི་འོད་སེར་ཐིང་ངེར་འཕྲོ་བའི་ཞོགས་པ་དེར། ངས་རྣམ་ཀུན་ལྟར་སློབ་གྲྭའི་རྒྱལ་སྒོའི་མདུན་དུ་ལངས་ནས་སྐྱེ་སྟོབས་ཀྱི་དཔལ་ཡོན་ཅི་དགར་བཞད་པའི་སློབ་གྲྭའི་ཁོར་ཡུག་ལ་ལྟ་གིན་བསྡད། རྒྱང་བསྒྲགས་ལས“སློབ་ཕྲུག་ཚོ། སློབ་ཚན་ཚུགས་གྲབས་འདུག་པས། ཁྱོད་ཚོས་གྲ་སྒྲིག་ཨང་གསར་བྱས་ནས་སློབ་ཁང་དུ་རྒྱུགས་ཤིག”ཅེས་དྲན་སྐུལ་གྱི་ཅོང་བརྡ་གྲགས་མ་ཐག ཉལ་ཁང་དང་། ཟ་ཁང་། དེ་བཞིན་གཙང་སྦྲའི་ཁུལ་སོགས་སུ་ཡོད་པའི་སློབ་ཕྲུག་རྣམས་དེ་མུར་སློབ་ཁྲིད་ཐོག་ཁང་གི་ཕྱོགས་སུ་འཚང་ག་ཤིག་ཤིག་ཏུ་བསྐྱོད་པས། ཅུང་མ་འགོར་བར་འཁྲུག་ཆ་དོད་པའི་སློབ་གླིང་དེ་དབེན་འཇམ་མེར་གྱུར།
ད་གིན་གཙང་སྦྲ་བྱེད་སྐབས་བར་སྣང་དུ་འཕྱུར་བའི་ས་རྡུལ་དག་སློབ་ཕྲུག་ཚོ་སློབ་ཁང་དུ་ལོག་ཤུལ་དུ་ག་ལེ་ག་ལེར་འཇགས་པས། སློབ་གྲྭའི་དཀྱིལ་དུ་ཡོད་པའི་སྲ་ཞིང་མཁྲེགས་པའི་ཨར་འདམ་ལམ་དེ་ཡང་བ་མོ་བབས་པའི་སྟོན་གྱི་ས་གཞི་ལྟར་སྐྱ་ཐལ་ལེར་གྱུར། ངས་སློབ་ཁང་ཕྱོགས་སུ་ལོག་པའི་སློབ་ཕྲུག་མཐའ་མ་དེར་མིག་གིས་སྐྱེལ་མ་བྱས་ནས་ལས་རེས་ཁང་དུ་ལོག་རྩིས་བྱེད་སྐབས། གློ་བུར་དུ་སློབ་མའི་ཉལ་ཁང་གི་རྩིག་ཟུར་ནས་མོ་ཊ་ཐལ་སྐྱ་ཞིག་དལ་བ་དལ་བུར་ཨར་འདམ་ལམ་སྟེང་དུ་ཡོང་བཞིན་པ་མཐོང་།
“ཡང་དགེ་རྒན་ཞིག་གིས་མོ་ཊ་ཉོས་པ་འདྲ”
གླ་ཆ་འཕར་བ་དང་བསྟུན་ནས་དགེ་རྒན་ཚོས་གཅིག་རྗེས་གཉིས་མཐུད་དུ་མོ་ཊ་ཉོས་པས། ང་ཡང་གོམས་ལོབས་སུ་གྱུར་ནས་སྣང་བ་ཆེར་མ་བཏང་བར་ལས་རེས་ཁང་དུ་ལོག
“ངག་དབང་། ད་སྡོད་ཨཱ”
མོ་ཊ་དེ་ལས་རེས་ཁང་གི་གཞོགས་སུ་ཁ་བཀག་ནས་སྒེའུ་ཁུང་གི་ཤེལ་སྒོ་ཕྱེ་སྟེ་དེ་ལྟར་བཤད།
“ཨ་ལས། རྒན་ལྷག་རྡོར་རེད་འདུག རྒན་ལགས་ག་པར་བྱོན་ནམ”
ངས་རྒན་ལྷག་རྡོར་ཡིན་པ་ཤེས་པ་དང་དུས་གཅིག་ཏུ་གདན་ལས་ལངས་ནས་ལས་རེས་ཁང་གི་སྒེའུ་ཁུང་ལས་མགོ་བོ་བརྨྱངས་ཏེ་འདི་ལྟར་དྲིས།
“ང་ལྷ་སར་ལས་སྒྱུར་བྱས་པ་ཡིན། རྗེས་མ་ལྷ་སར་ཐུག་ཡོང”
གློ་བུར་དུ་ཐོས་པའི་དོན་དེས་ང་རང་རེ་ཞིག་བསམ་དབང་དྲན་དབང་མེད་པར་གྱུར་ཏེ། མིག་ཟུང་རྒན་ལྷག་རྡོར་གྱི་སྨ་རས་ཁེངས་པའི་གདོང་ལ་ཅེར་ནས་ལུས།
“རྒན་ལགས། སྒུག་ཙམ་གནང་ཨཱ”
“སིར” རྒན་ལྷག་རྡོར་གྱིས་མོ་ཊའི་སྒེའུ་ཁུང་གི་ཤེལ་སྒོ་ག་ལེར་རྒྱག་པའི་སྒྲ་དེས་ང་རང་འཐོམ་ལས་སངས་ཏེ། དེ་འཕྲལ་བརྒྱབ་ཟིན་ལ་ཁད་པའི་མོ་ཊའི་སྒེའུ་ཁུང་ཕྱོགས་སུ་དེ་ལྟར་རྗོད་ཀྱིན་རྟབ་རྟབ་པོར་ལས་རེས་ཁང་ནས་དོན་ཏེ་རྒྱུག་མ་འདུར་གྱིས་ཁ་སྤྲོད་ཀྱི་ཚོང་ཁང་ཕྱོགས་སུ་རྒྱུག་ནས་ཕྱིན་པ་ཡིན།
ང་རང་ཚོང་ཁང་གི་སྒོ་ནས་དོན་ཡོང་དུས་རྒན་ལྷག་རྡོར་བསུ་མཁན་གྱི་མོ་ཊ་དེ་གཞུང་ལམ་དུ་བསླེབས་ཟིན་པ་དང་། ངའི་རབ་རིབ་ཏུ་གྱུར་པའི་མིག་ཟུང་གི་སྐྱེལ་མའི་ཁྲོད་དུ་མོ་ཊ་དེ་ནི་མགྱོགས་ནས་མགྱོགས་སུ་སོང་ཞིང་། མཐར་ལམ་སྣེ་ནས་ཁ་དཀྱོགས་པ་དང་སྦྲགས་ངའི་མིག་ལམ་ནས་ཡལ།
“ཨ་ཁ”
ངས་རབ་རིབ་ཏུ་གྱུར་པའི་མིག་ཟུང་ཀྲབ་ཀྲབ་ལན་འགའ་བྱེད་ཀྱིན་ཚོང་ཁང་ནས་ཉོས་པའི་ཁ་བཏགས་ཡུག་གཅིག་དེ་སྦར་མོས་བཙིར་ནས། ལྗིད་ཏིག་ཏིག་གི་གོམ་ཁ་སློབ་གྲྭའི་རྒྱལ་སྒོའི་ཕྱོགས་སུ་བསྒྱུར།
སློབ་ཚན་ཚུགས་མ་ཐག་པའི་སློབ་གླིང་ནི་དེ་ལྟར་ལྷིང་འཇགས་ཨང་། རྣམ་ཀུན་ལྷིང་འཇགས་འདིས་ངའི་སེམས་ལ་དགའ་སྣང་ཞིག་སྟེར་མོད། དེ་རིང་དེ་ལས་ལྡོག་སྟེ་ང་ལ་ཁེར་རྐྱང་གི་སྣང་བ་ཞིག་འགོག་མེད་དུ་བྱིན། སྐྱ་ཐེར་ཐེར་གྱི་ཨར་འདམ་ལམ་གྱི་ཟུར་དུ་བཞག་པའི་མོ་ཊའི་འཁོར་ལོའི་པར་རྗེས་ཁྲ་ལམ་ལམ་དེ་མཐོང་སྐབས། ངའི་མིག་གི་མཚོ་མོ་ཅི་ཞིག་གིས་དཀྲུགས་པ་ལྟར་མཆི་མའི་རྦ་རླབས་གཡོས་པས། དེ་མུར་ལག་ཟུང་གི་སྙིམ་པའི་ནང་བཙིར་བའི་ཁ་བཏགས་དེ་ལག་གཡོན་མས་བཟུང་བ་དང་། ལག་གཡས་པས་མིག་ཟུང་འཕྱིས་ཏེ། ཕྱི་བལྟས་སློག་གིན་སློག་གིན་ལས་རེས་ཁང་དུ་ལོག
ངས་རྒན་ལྷག་རྡོར་ལ་བསྒྲོན་མ་ཐུབ་པའི་ཁ་བཏགས་ཡུག་གཅིག་དེ་ལས་རེས་ཁང་གི་སྒོ་ཐོད་དུ་ཡོད་པའི་གཟེར་ལ་བཀལ་བ་དང་། དེ་ནས་གདན་ཁྲིར་འཁོད་ནས་སྒྲོག་ཙེའི་སྟེང་གི་རླངས་པ་ཐུལ་ཐུལ་འཕྱུར་བཞིན་པའི་ཇ་ཕོར་ལག་ཏུ་བླངས་ནས་ཕུ་ཞིག་བཏབ་སྟེ་ཁམ་གང་བཏུང་པས། ད་གཟོད་མགྲིན་པ་བརྣངས་པ་ཅུང་ཟད་བསངས། ངས་ལུས་སྟོད་བསྒུར་ནས་སྡེར་ཐང་དུ་བཞག་པའི་ཇ་དམ་ལག་ཏུ་ལེན་སྐབས། སྐེ་ལ་བཏགས་པའི་བྱང་བུ་དེ་བྲང་ཁོག་མདུན་དུ་འཕྱང་འཕྱང་འཕྲུལ་འཕྲུལ་བྱེད། དེ་འཕྲལ་ངས་ཇ་དམ་རང་སར་བཞག་ནས་བྱང་བུ་དེ་སྐེ་ལས་ཕུད་ནས་སྒོ་ཐོད་དུ་ཡོད་པའི་གཟེར་ལ་བསྐོན་པར་རྩོམ་སྐབས། བྱང་བུ་དེར་སྦྱར་བའི་རང་གི་ཕྱེད་པར་དང“བདེ་སྲུང་བ་ངག་དབང”ཞེས་པའི་ཡི་གེ་མིག་ལ་ཤར།
“ངག་དབང་། ངས་ཁྱེད་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད”
“བློས་གྲོད་པར་བཀལ། གྲོད་པས་ཆུ་མ་གློད་མ་གཏོགས”
“འདི་སྐེ་ལ་ཐོགས་ཤིག དེ་རིང་བཟུང་ང་གཉིས་ལས་རོགས་ཆགས་པ་རེད་དཱ”
“ཨ་ཙི། རྒན་ཁོང་ཧོབ་སྟེ་ལས་སྒྱུར་བྱས་ཡོང་བསམ་པ་མ་བྱུང་། ད་ནི་སྐྱེལ་ཆང་བཞག་ནས་རྟེན་འབྲེལ་གྱི་ཁ་བཏགས་ཤིག་ཀྱང་བསྒྲོན་ཐུབ་མ་སོང” བདེ་སྲུང་བ་བྱེད་པའི་ཉིན་དང་པོར་རྒན་ལྷག་རྡོར་གྱིས་ང་ལ་གསུངས་པའི་བཀའ་མོལ་དག་ཡིད་ལ་ཝ་ལེར་འཆར་དུས་ངའི་ཁ་ནས་ཆིག་ལབ་དེ་ལྟར་ཤོར་བ་དང་སྦྲགས། བྱང་བུ་དེར་ནན་གྱིས་ལྟ་བར་ཐལ།
སྒྲིབ་གཡོག་ཅི་ཡང་མེད་པའི་ཉི་འོད་ཐད་ཀར་སློབ་གྲྭའི་ལུས་རྩལ་ཐང་དུ་འཕྲོས་པས། སྡེར་ཐང་གི་རྡོ་ཧྲུག་ཀྱང་ཚ་པོ་ཆགས་ནས། རྐང་པའི་མཐིལ་འཚིག་ལ་ཁད་བྱེད་མོད། ལུས་རྩལ་ཐང་དུ་འཛོམས་པའི་དགེ་སློབ་ཕལ་མོ་ཆེར་དེ་ལྟའི་ཚ་གདུང་ལ་འཁང་ར་དང་སུན་སྣང་བྱེད་ཁོམ་མེད། དེ་རིང་ནི་ལོ་རིམ་བདུན་པའི་སློབ་མ་གསར་པ་རྣམས་སྐར་གྲངས་ལ་གཞིགས་ནས་འཛིན་གྲྭ་རབ་འབྲིང་ཐ་གསུམ་དུ་བགོ་བཞིན་ཡོད་སྟབས། དགེ་རྒན་རྣམས་ནི་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་དང་ཁྱད་མེད་མོད། སློབ་ཕྲུག་ལ་ལ་ནི་ཉི་མས་འཚིགས་པའམ་ཅི་ཡིན་ཆ་མི་འཚལ་བར་གང་ལྟར་གཉིད་ཅོག་རྒྱག་གྲབས་བྱེད་པ་དང་། ལ་ལ་ནི་རང་གི་སེམས་ལ་བསམ་པའི་འཛིན་གྲྭར་ཚུད་ཨེ་ཡོང་སྙམ་ནས་དངངས་འཚབ་ཀྱིས་རྐང་ཀྲབ་ལག་ཀྲབ་བྱེད། ལ་ལ་ནི་རང་དང་ལུང་པ་གཅིག་པའི་སློབ་གྲོགས་འཛིན་གྲྭ་གཅིག་ཏུ་འཁེལ་མིན་ལ་སེམས་ཚེགས་ཀྱིས་ཕན་ཚུན་སྐད་ཆ་འདྲི་རེས་བྱེད། ཕར་ལྟ་ཚུར་ལྟ་ཁོ་ནར་གཡེངས་པའི་ང་ནི་སྐབས་སྐབས་སུ་དོན་དེ་དང་འབྲེལ་བ་མེད་པ་ལྟར་སྣང་ཞིང་། ཡང་མཚམས་མཚམས་སུ་དངངས་སྐྲག་རེ་ལངས་འོངས།
“ངག་དབང་། འཛིན་གྲྭ་དང་པོ། རྒན་ལྷག་རྡོར་གྱི་འཛིན་གྲྭར་རྒྱུགས་ཤིག”
གཞོགས་ཀྱི་སློབ་གྲོགས་དེས་ཧོབ་སྟེ་ང་ལ་གཞུ་ཙམ་བྱས་བྱུང་བས། ངས་ད་གཟོད་རང་ཉིད་ཀྱི་མིང་བོས་པ་ཤེས་ཤིང་། སློབ་སྤྱི་རྒྱ་རིགས་དེས་ཡང་བསྐྱར་ངག་དབང་ཞེས་ངའི་མིང་ལན་གཉིས་པ་འབོད་དུས་ང་ནི་རྒན་ལྷག་རྡོར་གྱི་མདུན་དུ་སླེབས་ཟིན།
ཉི་འོད་ཀྱི་ཚ་གདུང་ག་ལེ་ག་ལེར་འཇགས་ནས་བསིལ་རླུང་ཕྲ་མོའི་རྒྱུ་བ་ཚོར་སྐབས། ད་གཟོད་ལོ་རིམ་བདུན་པའི་སློབ་ཕྲུག་རྣམས་འཛིན་གྲྭ་བགོས་ཚར། རྒན་ལྷག་རྡོར་གྱི་འཛིན་གྲྭ་དེ་ནི་འཛིན་གྲྭ་རབ་ཀྱི་ཁོངས་ཡིན་པས། ངའི་སེམས་ལ་དགའ་སྣང་ཅུང་ཟད་སྐྱེས་མུར་འཛིན་གྲྭ་དེའི་ནང་ལུང་པ་གཅིག་པའི་སློབ་གྲོགས་གཅིག་ཀྱང་མེད་པ་ཤེས་དུས། མ་བསམ་ས་ནས་སྐྱོ་བ་སེམས་ཀྱི་གཏིང་ནས་སྐྱེས་བྱུང་།
“ཝ་ཡེ། ངག་དབང་། ང་ལ་སྨྱུ་གུ་ཞིག་གཡོར་དང་། ད་ནངས་སྟོད་ཐུང་བརྗེས་ནས་སྨྱུ་གུ་ལུས་བཞག”
རྒན་ནོར་བུ་ལས་རེས་ཁང་གི་སྒོ་རྩར་ཐོག་རྒྱག་ཏུ་བསླེབས་ནས་དེ་ལྟར་གསུངས་པས། ང་རང་ད་གཟོད་ཕྱིར་དྲན་གྱི་ཀློང་ནས་ཐར། དེ་འཕྲལ་ངས་ལག་ཏུ་དམ་པོར་བཟུང་བའི་བྱང་བུ་དེ་གཟེར་ལ་བཀལ་མུར་ཤུར་ཅོག་ནང་ནས་སྨྱུ་གུ་ཞིག་བཏོན་ཏེ་རྒན་ནོར་བུའི་ཕྱག་ཏུ་ཕུལ་ནས། “རྒན་ཁྱོད་གང་དུ་བྱོན་ནམ”ཞེས་དྲིས།
“ང་གཙང་སྦྲ་བྱས་ཡོད་མེད་ལྟ་བར་འགྲོ་མཁན་ཡིན”
ངའི་རྣ་བར་བཀའ་མོལ་འདི་ཆ་ཚང་བར་གོ་དུས། རྒན་ནོར་བུ་ལས་རེས་ཁང་གི་སྒོ་ཁ་ལས་བུད་ཟིན།
“རྒན་ལྷག་རྡོར་ལྷ་སར་ལས་སྒྱུར་བྱས་པ་མཁྱེན་བྱུང་ངམ”
རྒན་ནོར་བུ་ལོག་ཟིན་པས་ངས་འདྲི་བསམ་པའི་སྐད་ཆ་དེ་མིད་ཁྱུར་བཏང་།
ངས་ལས་རེས་ཁང་གི་སྒོ་གཏན་ནས་ཁ་ནང་དུ་སློག་འཕྲལ། ཤུར་ཅོག་གི་སྒོ་བརྒྱབ་མེད་པ་མཐོང་བས། ལྕོག་ཙེའི་མདུན་དུ་སོང་ནས་ཤུར་ཅོག་གི་སྒོ་རྒྱག་སྐབས། དེབ་ཐེར་ཀུན་གསལ་མེ་ལོང་ཞེས་པའི་དེབ་དམར་ཁྲ་ཞིག་ངའི་མིག་ངོར་ཐོགས། ངས་དེབ་དེ་ལག་ཏུ་བླངས་ནས་གདན་ལ་འཁོད།
སློབ་ཁྲིད་ཐོག་ཁང་གི་མདུན་དུ་ཡོད་པའི་ལག་རྩེད་སྤོ་ལོའི་ཐང་རྙིང་པ་ས་རྡོ་འདྲེས་མས་སྦགས་པ་དེར་ག་དུས་འཛོམས་ཀྱང་ང་ལ་སྣང་བ་སྐྱིད་པོ་ཞིག་གཏན་ནས་ཡོང་གི་མེད། གནམ་ལ་སྤྲིན་པ་མ་འཁོར་ན་དེ་གར་ཉི་མ་ཚ་བས་ངོ་གདོང་འཚིགས་ནས་བཟོད་གླགས་མེད་པར་གྱུར་པ་དང་། གལ་སྲིད་ནམ་མཁའི་ཁྱོན་ལ་སྤྲིན་ནག་འཁྲིགས་ནས་རླུང་བུ་ཅུང་ཟད་ལྡང་ཚེ་ཕྱོགས་གསུམ་ཐང་གཞོང་ཡིན་པའི་གནས་དེའི་བར་སྣང་དེ་མ་ཉིད་དུ་ས་རྡུལ་གྱིས་སྦགས་འགྲོ།
ངའི་དྲན་གསལ་ལ་དེ་ནི་ཕལ་ཆེར་སྟོན་མཇུག་ཏུ་ཡིན་པ་ཡོད། དེ་ཉིན་སྟོན་མཇུག་གི་རླུང་བུ་དུས་ལྟར་འཚུབ་པ་དེ་ནི་རྒན་ལྷག་རྡོར་གྱི་འཆད་ཁྲིད་དེར་ཆེད་དུ་བར་ཆད་བཟོ་བ་དང་འདྲ། དེ་དུས་ངའི་རྣ་ལམ་སྤྱིར་ན་རླུང་བུའི་ཤུར་སྒྲ་དང་། སློབ་མའི་འུར་སྒྲས་བརྒྱངས་ནས། རྒྱང་བསྒྲགས་ལས་འཛེར་སྐད་ལྷང་ལྷང་དུ་གྲགས་འོང་བའི་རྒན་ལྷག་རྡོར་གྱི་གསུང་སྐད་ནི་རྣ་ལམ་དུ་ཐོས་དཀའ་ཞིང་། སེམས་ལ་མ་གཞི་ནས་དེ་རིང་རྒན་ལྷག་རྡོར་གྱིས་ཨང་རྩིས་མ་ཡིན་པའི་ནང་དོན་ཅི་ཞིག་ཤོད་དམ་སྙམ་མུར། མགོ་བོ་དགྱེ་ནས་མདུན་དུ་བལྟས་པ་ན། རྒན་ལྷག་རྡོར་ནི་སློབ་ཕྲུག་སྟོང་ཚོའི་མདུན་གྱི་སྒྲོག་ཙེ་ནར་མོ་དེར་བཙུགས་པའི་སྐད་སྦུག་ལ་ཁ་གཏད་ནས་སྤྲོ་སྣང་དང་བཅས་ཏེ་ཅི་ཞིག་གསུང་གིན་འདུག མཚམས་དེར་ངའི་སེམས་ལ་ནམ་རྒྱུན་སྒྱུར་བགོས་བསྡོམས་འཐེན་ཁོ་ན་ཤོད་མཁན་དེས་དེ་རིང་ཡང་སྙིང་ཅི་ཞིག་ཤོད་དམ་སྙམ་པའི་ཡ་མཚན་ཞིག་སྐྱེས་ཏེ། རྣ་བ་བླགས་ནས་ནན་གྱིས་ཉན་དགོས་བསམ་དུས། ཏག་ཏག་གནམ་གཤིས་ཀྱིས་ཀྱང་ངའི་བསམ་ཚུལ་ལ་རམ་བུ་འདེགས་པ་ལྟར་རླུང་བུ་སྤྱིར་ན་འཇགས་པས། ད་གཟོད་ངའི་རྣ་བར་རྒན་ལྷག་རྡོར་གྱི་ཞལ་ནས་གྲགས་པའི་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་སྐོར་མ་གཏོགས་ཅི་ཡང་ཐོས་རྒྱུ་མེད་ཅིང་། དེ་ལ་ཉན་གྱིན་ཉན་གྱིན་ཉན་འདོད་ཇེ་ཆེར་འཕེལ་ནས་ཆུ་ཚོད་གཉིས་ཇི་ལྟར་སོང་བའང་མ་ཚོར།
རེད། དེ་ནས་བཟུང་ང་རང་གཞི་ནས་བོད་ཡིག་ལ་དགའ་ཞེན་སླེབས་པ་དང་། རྒན་ལྷག་རྡོར་གྱི་སྐུལ་ལྕག་འོག་ང་ཚོའི་འཛིན་གྲྭའི་སློབ་ཕྲུག་མང་པོར་དེབ་ཐེར་ཀུན་གསལ་མེ་ལོང་སོགས་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་སློབ་ཕྱིའི་དེབ་མང་པོ་ཉོ་བའི་གོམས་གཤིས་འཇགས།
ངས《དེབ་ཐེར་ཀུན་གསལ་མེ་ལོང》གི་ཁ་ཤོག་ལ་ལག་པས་བྱིལ་ཙམ་བྱས་ནས། ནང་ངོས་སུ་ལྟེབ་རྩེག་བརྒྱབ་པའི་ཤོག་བུ་དེ་བསྲངས་ཏེ་ལྟ་འཕྲོར་ལུས་པའི་དུམ་བུ་དེ་ནས་ཀློག་འགོ་བརྩམས། ཀློག་གིན་ཀློག་གིན་སེམས་ལ་གལ་སྲིད་ཁྱིམ་ཚང་གི་འཁོས་ཀ་ཞན་པས་མིན་ན་ངའི་བོད་ཡིག་གི་ཆུ་ཚད་རྩོམ་ཐུང་ཞིག་འབྲི་ཐུབ་པའི་ཚད་ལ་སླེབས་པ་ཡོད་སྙམ་པ་དང་སྦྲགས། སྨིན་མ་གྱེན་དུ་བསྡུས་ནས་ཁྲ་མ་གཉིས་ཅན་གྱི་སྒེའུ་ཁུང་དེ་ནས་རྒྱལ་སྒོའི་ཕྱོགས་སུ་ལྟ་ཙམ་བྱས། སློབ་ཚན་ཚུགས་ནས་བཙན་པོར་བརྒྱབ་པའི་རྒྱལ་སྒོའི་མདུན་དུ་མི་གཅིག་ཁྱི་གཅིག་མེད་པས། ངས་འདྲེན་བྱེད་ཟུང་མུ་མཐུད་ཡིག་འབྲུའི་བར་དུ་བསྐུངས་པའི་གཏམ་རྒྱུད་ཀྱི་དགའ་སྟོན་ལ་ལྟ་བར་ཁྲིད།
“ཏག་ཏག་ཏག”
ལས་རེས་ཁང་གི་སྒོ་བརྡུངས་པས། ངས་དེབ་ལྕོག་ཙེའི་ངོས་སུ་བཞག་ནས་གདན་ལས་ལངས། རྒན་ནོར་བུ་ཅུང་ཟད་ཁྲོས་པའི་ཚུལ་གྱིས་ཡར་འཛུལ་འོངས།
“ཡང་འབྲོག་ཕྲུག་གཉིས་མཐོང་རྒྱུ་མི་འདུག་ཟེར། ང་ལ་སློབ་མའི་ཉལ་ཁང་དུ་རོགས་པ་གྱིས་དང” ཀུན་སྤྱོད་ཁྲུའུ་ཡི་ཀྲུའུ་རེན་རྒན་ནོར་བུས་ཁོང་ཁྲོའི་ཉམས་ཀྱིས་དེ་ལྟར་གསུངས་ཟིན་མཚམས་ལས་རེས་ཁང་གི་སྒོ་ནས་དོན་ཏེ་སློབ་མའི་ཉལ་ཁང་གི་ཕྱོགས་སུ་ཕྱིན་པས། ང་ཡང་བཀའ་ཟློག་མ་ནུས་པར་རྒན་ནོར་བུའི་རྗེས་སུ་བསྙེགས་ནས་གོམ་སྟབས་ཅུང་ཟུད་མགྱོགས་སུ་བཏང་སྟེ་ཁོང་གི་རྗེས་ཆོད་པར་ཕྱིན། ང་གཉིས་ཀྱིས་སློབ་མའི་ཉལ་ཁང་ལ་སྐོར་བ་ཐེངས་གཅིག་བརྒྱབ་ཀྱང་སློབ་མའི་གཟུགས་ལྟ་ཅི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག་པས། རྒན་ནོར་བུས་སློབ་ཕྲུག་དེ་གཉིས་མདང་ནུབ་མཚན་ལ་བྲོས་བྱོལ་དུ་ཕྱིན་པར་གཏན་འཁེལ་བྱས་ཏེ། སློབ་མའི་ཉལ་ཁང་གི་ཐོག་སོ་དང་པོའི་བར་ཁྱམས་ནས་སློབ་ཕྲུག་དེའི་འཛིན་བདག་ལ་ཁ་པར་བཏང་།
དེ་དུས་མཚན་དགུང་ལ་རེད། ངས་རྐང་པའི་ན་ཟུག་བཟོད་བཞིན་མལ་ལས་ལངས། གཡས་གཡོན་གྱི་ཉལ་ཁྲིར་གཉིད་ལ་ཡུར་བའི་སློབ་ཕྲུག་ཚོར་སེམས་ནས“ཕ་རོ་ཟ་རྒྱུ”ཞེས་དམོད་མོ་བོར་གྱིན་ལུས་ལ་གྱོན་པ་མཐུག་པོ་ཞིག་གྱོན་པ་དང་། སྔོན་ནས་གྲ་སྒྲིག་བྱས་ནས་ཉལ་ཁང་གི་སྒོ་རྒྱབ་ཏུ་བཞག་པའི་ལྟོ་ཕད་ཀྱི་ལུང་ཐག་སྐེ་ལ་བསྐོན་ཏེ་བྱི་ལའི་འགྲོས་བཞིན་ཉལ་ཁང་ལས་ཐོན།
ཉལ་ཁང་གི་བར་ཁྱམས་ཀྱི་ཐོག་པང་དུ་དཔྱངས་པའི་གློག་སྒྲོན་དེ་དག་ནི་ང་ཚོའི་ཉེས་མེད་ཉེས་འགེལ་གྱི་ཕོག་ཐུག་སྣ་ཚོགས་འོག་ཁ་ཆག་སྣ་རལ་ཤ་སྟག་ཏུ་གྱུར་པས་བར་ཁྱམས་ཀྱི་མགོ་མཇུག་བར་གསུམ་ནག་རོག་གེར་སྣང་། དེ་དུས་ངའི་རྣ་བར་རང་གི་གོམ་སྒྲ་ཙམ་མ་ཟད། ཐ་ན་སྙིང་ཁའི་འཕར་སྒྲ་ཡང་གསལ་ལྷང་ངེར་ཐོས་འོངས། ངས་གོམས་འདྲིས་ཁོ་ནར་བརྟེན་ནས་གཟབ་གཟབ་གསིག་གསིག་གིས་སྐས་འཛེག་ལས་བབས་པས། མཐར་འཁོན་ཐོགས་ཅི་ཡང་མེད་པར་ཟླ་འོད་རེས་གསལ་རེས་མོག་ཏུ་འཆར་བའི་ཉལ་ཁང་མདུན་གྱི་ཐང་གཞོང་དུ་སླེབས་ཤིང་། གསལ་ལ་མི་གསལ་བའི་ཟླ་བཀྲག་འོག་ངས་སློབ་གྲྭའི་གྱང་ལས་མཆོངས་ཏེ་རང་ཁྱིམ་ག་ལ་བ་དེའི་ཕྱོགས་སུ་རི་དྭགས་རྙི་ལས་ཐར་བ་བཞིན་བྲོས་ཕྱིན།
“ཁྱིམ་བདག་ནས་ཕྲུ་གུ་ནང་ལ་འབྱོར་བའི་ཁ་པར་བཏང་བྱུང་ན། ལམ་སེང་ང་ལ་འབྲེལ་བ་བྱེད་རོགས། ཚུར་བསྐྱལ་ན་ཡག་ཤོས་རེད། གལ་སྲིད་སྐྱེལ་མཁན་མེད་ཟེར་ན་ལེན་པར་འགྲོ་རྒྱུ་རེད”
“སེམས་ཁྲལ་མ་བྱེད་དང་། ངས་ཕྱིན་ཆོག ལུང་པ་དེར་ང་འགྲོ་མྱོང་ཡོད”
“རེད་པཱ། ངག་དབང”
“ཏག་ཏག་རེད། རྒན་ལགས” ངས་དེ་སྔོན་ང་རང་སློབ་བྱོལ་བྱས་པའི་དོན་དེར་ཕྱིར་དྲན་བྱེད་མཚམས་བཞག་ནས་རྒན་ནོར་བུར་དེ་ལྟར་ལན་བཏབ།
“དེ་སྔོན་ཁྱེད་བྲོས་འགྲོ་དུས་ང་དང་རྒན་ལྷག་རྡོར་གྱིས་སྦག་སྦག་བཏང་ནས་བསུས་པ་རེད་པཱ” རྒན་ནོར་བུས་ཁ་པར་བཀག་ནས་ཁ་རྒྱབ་ཏུ་བསློགས་ཏེ་ང་ལ་དེ་ལྟར་གསུངས་པ་དང་། ཡང་བསྐྱར་ཅི་ཞིག་དྲན་གསོས་པ་ལྟར“མ་གཞི་ནས་མགོ་ངག་དབང་རང་ནས་ཉེས་པ་འདྲ། བྲོས་འགྲོ་མཁན་མང་ཤོས་ཁྱོད་ཚོའི་ལུང་པ་ནས་རེད་འདུག”ཅེས་མུ་མཐུད་དེ་གསུངས།
ང་ནི་ཅི་ཤོད་འདི་ཤོད་མ་ཤེས་པར་ལག་པས་མགོ་ལ་འཕུར་འཕུར་གཏོང་གིན་ལུས། མཚམས་དེར། རྒན་ནོར་བུས་གོས་ཐུང་པ་ཀིའི་ནང་ནས་ཐ་མག་སྒམ་ཆུང་ཞིག་བཏོན་པ་དང་དེ་ནས་རྐང་གཅིག་བཏོན་ཏེ་རང་གི་མཆུ་ཏོར་བཙུགས། ཡང་རྐང་གཅིག་བཏོན་ནས་ང་ལ་སྤྲད། དེ་ནས་པ་ཀི་གཞན་དེ་ནས་མེ་ལྕགས་བཏོན་་ཏེ་ང་ལ་མེ་བསྒོ་བའི་བརྡ་བསྟན་མོད། ངས་ལག་པ་གཡུག་གཡུག་བྱས་པས་ད་གཟོད་རང་གི་མཆུ་ཏོར་བཙུགས་པའི་ཐ་མག་ལ་མེ་བསྒོས་པ་དང་སྦྲགས། མདུན་དུ་གོམ་པ་ཁ་ཤས་སྤོས་ནས་སློབ་མའི་ཉལ་ཁང་གི་བར་ཁྱམས་སུ་འཛུལ་སའི་རྡོ་སྐས་ཀྱི་སྟེང་དུ་རྐུབ་བཙུགས་ནས་ངལ་གསོས། ངས་མེ་བསྒོ་མ་ཕོད་པའི་ཐ་མག་དེ་སྣ་རྩེར་ཁྱེར་ནས་དྲི་མ་སྣོམ་ཙམ་སྣོམ་ཙམ་བྱེད་ཀྱིན་རྒན་ནོར་བུའི་གཞོགས་སུ་བསྡད།
ཡུད་ཙམ་རིང་ཐ་མག་གི་དུ་ཞག་གཅིག་ལ་གཅིག་མཐུད་དུ་འཕྱུར་ནས་མཐར་མཐོན་པོ་མཐོན་པོའི་དབྱིངས་ནས་མི་མངོན་པར་གྱུར། རྒན་ནོར་བུས་ལག་གཡས་པའི་མཛུབ་མོ་གཉིས་ཀྱི་བར་དུ་བཙིར་བའི་ཐ་མག་དེ་མཆུ་ཏོའི་བར་ནས་བཏོན་ཏེ་ཐལ་རོ་བརྡབས་ཙམ་བྱས་པ་དང་། དེ་ནས་ཐ་མག་བཟུང་བའི་ལག་གཡས་པ་རྐང་པ་གཡས་པའི་པུས་མོར་བཀན་ནས་ག་ལེར་ངའི་ཕྱོགས་སུ་ཁ་གཅུས་ཏེ། “ངག་དབང་རང་། དེ་དུས་སློབ་བྱོལ་འགྲོ་བའི་རྒྱུ་མཚན་གང་ཡིན་ནམ”ཞེས་ལྷོད་ལྷོད་ངང་དྲིས།
(མུ་མཐུད་འགོད་རྒྱུ)