འདི་ནི་ཨར་པོ་བས་མིག་དམར་རང་བྱུང་གྲོང་ཚོའི་བསྐྱར་སྐྲུན་ཁང་པ་མཇུག་ཤོས་ཀྱི་གྱང་རྩིག་བཞིན་པ།
ལུང་ཁུག་ཏུ་བསྐྱར་སྐྲུན་བྱས་པའི་དུད་ཁྱིམ་གསུམ་གྱི་ཆེད་དུ། ཆེད་མངགས་འབྲེང་ཟམ་བསྐྲུན་ནས་ཨར་སྐྲུན་རྒྱུ་ཆ་དབོར་རིན་ཡོད་དམ།
གཞིས་རྩེའི་ལྷ་རྩེ་རྫོང་དུ་ས་ཡོམ་གྱི་གནོད་འཚེ་ཕོག་རྗེས། སླར་གསོ་བསྐྱར་སྐྲུན་གྱི་ཚོད་བགམ་ཆེན་པོའི་མདུན་དུ་ས་གནས་དེ་གའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་ཐག་ཆོད་པོས་ལན་བཏབ་པ་སྟེ།
བྱེད་རིན་ལོས་ཡོད། གང་ལགས་ཤེ་ན། མི་དམངས་གོང་དུ་བཀུར་དགོས་པས་མ་གནས་ལ་བརྩི་དགོས་མེད།
བྱེད་རིན་ལོས་ཡོད། གང་ལགས་ཤེ་ན། ཚེ་སྲོག་གོང་དུ་བཀུར་དགོས་པས་རིན་དོད་ལ་ཐེ་ཚོམ་བྱེད་མི་རུང་།
སྟོན་མཇུག་གི་གྲང་རླུང་ཁྲོད། ཕུན་ཚོགས་གླིང་ཤང་སྣ་དཀར་གྲོང་ཚོའི་ལུང་ཁུག་ཅིག་ཏུ་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་བསྟུན་ནས། དཔྱང་ཟོམ་འགའ་འདྲེན་ཐག་བརྒྱུད་དུད་ཁྱིམ་གསུམ་གྱི་ཕྱོགས་སུ་ཡོམ་ཡོམ་དུ་དྲངས།
ལུང་ཁུག་འདིར་ས་གནས་དེ་གའི་མང་ཚོགས་ཀྱིས་ཁ་རྒྱུན་དུ“སྣ་དཀར་རོང”ཞེས་འབོད་པ་དང་། དུད་ཁྱིམ་གསུམ་གནས་སའི་ས་ཆར་མིག་དམར་རང་བྱུང་གྲོང་ཚོ་ཟེར།
མིག་དམར་རང་བྱུང་གྲོང་ཚོར་འགྲོ་བར་སྲིད་འཛིན་གྲོང་ཚོ་གནས་ཡུལ་ནས་ཐོན་ཏེ་ཨར་འདམ་ལམ་བརྒྱུད་ནུབ་ཕྱོགས་སུ་སྐྱོད་དགོས་པ་དང་། དེ་ནས་མགྱོགས་ལམ་བརྒྱུད་རྐང་ཐང་མར་སྤྱི་ལེ་བཅུ་ཙམ་འགྲོ་དགོས་ཤིང་། ལམ་རྒྱུད་དུ་བསྐྱར་སྐྲུན་དུད་ཚང་20ཙམ་ཐར་ཐོར་དུ་གནས་ཡོད། ལམ་ཐག་རིང་པོ་མེད་ཀྱང་འགྲོ་ལམ་ཀྱག་ཀྱོག་དང་བདེ་པོ་མེད་པས་རྐང་ཐང་མར་འགྲོ་ཐེངས་གཅིག་ལ་ཆུ་ཚོད་གསུམ་འགོར་གྱི་ཡོད།
ཕུན་ཚོགས་གླིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཁྲེང་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྣ་དཀར་རོང་གི་གནམ་གཤིས་དམིགས་བསལ་ཡིན་པ་སྟེ། ཆར་དུས་སྐབས་རི་གཤམ་དུ་གནམ་འཐིབས་ན་རི་རྩེར་དྲག་ཆར་འབབ་པ་དང་། རི་གཤམ་དུ་ཆར་པ་བབས་ན་རི་རྩེར་སེར་བ་འབབ་ཀྱི་ཡོད། ད་ལོ་ཆར་པ་འབབ་ཚད་མང་བས། རྐང་ལམ་རྒྱ་སྐྱེད་བཏང་མ་ཐག་ཞག་གཅིག་ལ་ཆར་པ་ཆེན་པོ་བབས་ནས་ལམ་ངོས་བསྣུབས་སོང་། རྫོང་གིས་ཆེད་མངགས་མི་མངགས་ནས་ཉིན་ལྟར་ས་ཡུལ་དངོས་སུ་ལྟ་བར་བཏང་ཞིང་། ལམ་བཟོ་བ་དང་ཤར་གཏོང་འགན་ལེན་སོགས་ལ་མ་དངུལ་སྒོར་ཁྲི་30ལྷག་ཙམ་བཏང་ཡོད་པ་རེད།
ལམ་བཟོས་པ་དང་སྦྲགས། དུད་ཁྱིམ་17གྱི་ཨར་སྐྲུན་རྒྱུ་ཆ་གཅིག་རྗེས་གཉིས་མཐུད་ངང་དབོར་ཏེ་ཨར་ལས་བྱེད་ཐུབ་ཙམ་བྱུང་ནའང་། མིག་དམར་རང་བྱུང་གྲོང་ཚོའི་དུད་ཁྱིམ་གསུམ་པོའི་ཁང་པ་བསྐྱར་སྐྲུན་བྱ་རྒྱུ་ནི་མི་མང་པོ་མགོ་ན་བའི་དཀའ་གནད་ཅིག་ཏུ་གྱུར་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
མི་ཁྱིམ་གསུམ་ལས་མེད་ན། མི་སྤོ་བའི་རྒྱུ་མཚན་ཅི་ཡིན།
ཀྲང་ཁྲེང་ཧྲེང་གིས། འབྱུང་འགྱུར་གྱི་འཕེལ་རྒྱས་ལ་བསམ་གཞིགས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་སྐབས་རྫོང་དང་ཤང་ནས་ཁོང་ཚོ་སྤོ་རྒྱུའི་སྐུལ་སློང་བྱས་ཀྱང་སྤོ་ཐུབ་མེད། ད་ཐེངས་གེགས་རྗེས་བསྐྱར་སྐྲུན་བྱེད་སྐབས་ལས་བྱེད་པས་ཁ་ཏ་ཐེངས་མང་བྱས་ཀྱང་ད་དུང་ཁོང་ཚོས་སྤོས་མེད་ཅེས་བཤད།
“ཁྱིམ་གྱི་རྩྭ་ར་ཐག་ཉེ་བ་མ་ཟད། ད་དུང་ནོར་ལུག་མི་ཉུང་བ་ཞིག་གསོས་ཡོད་པས་སྤོས་ན་བདག་སྐྱོང་བྱེད་དཀའ། ཕྱུགས་རིགས་ཕུད་ད་དུང་ཕ་མེས་ནས་འཚོ་སྡོད་བྱེད་པའི་ས་ཆ་འདི་ནས་བྲལ་མི་ཕོད”ཅེས་བསྐྱར་སྐྲུན་དུད་ཚང་བསོད་ནམས་ཀྱིས་སེམས་གཏིང་གི་སྐད་ཆ་བཤད། ཁོང་ཚོར་སེམས་འགུལ་ཐེབས་པ་ཞིག་ལ། སྲིད་གཞུང་སྡེ་ཚན་གྱིས་མཐར་མང་ཚོགས་སྤོ་འདོད་མེད་ན། དཀའ་ངལ་ཇི་ལྟར་ཆེ་ཡང་ཁང་པ་སྐྲུན་དགོས་པའི་ཐག་བཅད།
བསྐྱར་སྐྲུན་བྱས་མ་ཐག་པའི་དུས་སུ། བླུག་འཁོར་གྱིས་མདུན་དུ་ཨར་སྐྲུན་རྒྱུ་ཆ་དབོར་ནས་འགྲོ་བ་དང་རྐོ་འདྲུ་འཕྲུལ་འཁོར་གྱིས་རྒྱབ་ནས་འབུད་ཀྱང་ལེགས་གྲུབ་མ་བྱུང་བ་དང་། ཕྱུགས་རིགས་དང་མིས་རྡོག་ཁྲེས་དབོར་བའི་ཚོད་ལྟ་ཡང་བྱས་མོད། འོན་ཀྱང་གླ་པའི་རིན་གོང་མཐོ་བ་དང་ལས་ཕྱོད་ཧ་ཅང་དམའ་པོ་ཡོད། ཀྲང་ཁྲེང་ཧྲེང་གིས“ང་ཚོས་ཐ་ན་ཐད་འཕུར་གནམ་གྲུས་སྐྱེལ་འདྲེན་བྱེད་པའི་བསམ་བློ་བཏང་མོད། འོན་ཀྱང་ཆ་རྐྱེན་འཛོམས་མེད་པའི་དབང་གིས་མཚམས་མི་འཇོག་དཀའ་མེད་བྱུང”ཞེས་བཤད།
དུས་ཚོད་ཉིན་རེ་བཞིན་འདས་ནའང་། ཚང་མར་ཐབས་ཤེས་མེད་པར་ལུས། གྲོས་མོལ་ཐེངས་མང་བྱས་རྗེས། གློག་ཤུགས་ལྕགས་སྒྲོམ་རི་ལ་དབོར་བའི་ཉམས་མྱོང་སློབ་སྦྱོང་བྱས་ཏེ་འབྲེང་ཟམ་སྤྱད་ནས་སྐྱེལ་འདྲེན་བྱ་རྒྱུའི་བསམ་ཚུལ་ཞིག་རྙེད།
དེ་འཕྲལ། ཆེད་ལས་འབྲེང་ཟམ་འཛུགས་སྐྲུན་ཚོགས་པས་ས་ཡུལ་དངོས་སུ་རྩད་ཞིབ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པ་བརྒྱུད། རིང་ཚད་ལ་སྤྱི་ལེ་3ཡོད་པའི“སྐྱེལ་འདྲེན་ཆེད་སྤྱོད་འབྲེང་ཟམ”ཞིག་ལེགས་གྲུབ་བྱུང་བ་རེད།
འབྲེང་ཟམ་འཁོར་སྐྱོད་བྱེད་པར་བལྟས་ནས་ཨར་སྐྲུན་རུ་ཁག་གི་འགན་འཁུར་བ་ལྷག་རྡོར་སེམས་པ་ལྷོད་ལ་བབས་ཤིང་། ཁོང་གིས“ཞོགས་པའི་ཆུ་ཚོད་8པ་ནས་དགོང་མོའི་ཆུ་ཚོད་8པའི་བར་ཉིན་ལྟར་ཕལ་ཆེར་རྒྱུ་ཆ་སྨི་རྒྱ་དཔངས་གྲུ་བཞི་18དབོར་ཐུབ། འགོར་ཙམ་ཡོད་ནའང་གང་ལྟར་དབོར་ཐུབ་སོང”ཞེས་བཤད།
བསྐྱར་སྐྲུན་བྱས་པའི་མི་ཁྱིམ་གསུམ་ནས་ལྷ་སྐྱིད་ཀྱི་ཁྱིམ་ནི་ས་བབ་མཐོ་ཤོས་ཡིན་ཞིང་ས་བབ་སྨི་4900ཙམ་ཟིན་གྱི་ཡོད།
ས་ཡོམ་བརྒྱབ་རྗེས། ལག་ཐོགས་ཁ་པར་གྱི་བརྡ་རྟགས་མེད་པས། ཁྱིམ་ཚང་དེའི་མི་བརྒྱད་པོ“རི་མཐོ་ཞིང་ལམ་ཐག་རིང་བས། སྲིད་གཞུང་ལ་ལྟ་རྟོག་བྱེད་ཁོམ་ཨེ་ཡོང”སྙམ་པའི་སེམས་ཁྲལ་བྱུང་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྟ་མགྲིན་ཚེ་རིང་སྦག་སྦག་བཞོན་ནས་བྲེལ་བ་འཚུབ་འཚུབ་ངང་ཡོང་བ་མཐོང་སྐབས་ཁྱིམ་ཚང་དེའི་མི་རྣམས་སེམས་པ་གཞི་ནས་ལྷོད་ལ་བབས།
“ས་ཡོམ་བརྒྱབ་པའི་ཉིན་དེ་རང་ལ་གུར་ནང་སྤོས་པས་ད་བར་འཁྱགས་ལྟོགས་ཀྱི་དཀའ་ངལ་འཕྲད་མ་བྱུང”
“ཏང་དང་སྲིད་གཞུང་གིས་དངུལ་མང་པོ་འདི་འདྲ་བཏང་ནས་ང་ཚོར་ཁྱིམ་ཚང་གསར་པ་བསྐྲུན་པ་མ་ཟད་ཆེད་མངགས་འབྲེང་ཟམ་ཞིག་བཟོས་པས་ངས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ལྷ་སྐྱིད་ཀྱིས་ཁང་པ་གསར་པའི་ཐབ་འགྲམ་དུ་བསྡད་ནས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
ཕན་བདེ་མི་དམངས་ལ་འཇོག་པ་དང་དཀའ་ངལ་རང་ཉིད་ལ་འཇོག ལྷ་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བློ་བརྟན་སྐལ་བཟང་ནི་ཕུན་ཚོགས་གླིང་ཤང་འགན་གཙང་ལེན་མཁན་གྱི་འགོ་ཁྲིད་ཡིན་ཞིང་། ད་བར་འཐབ་ས་དང་པོར་བརྟན་སྲུང་བྱས་ནས་བསྡད་ཡོད། བསྐྱར་སྐྲུན་མ་བྱས་གོང་ཡོམ་འཕྲོ་ཡང་ཡང་བརྒྱབ་པས། ཁོང་གིས་གཟུགས་པོ་མི་བདེ་བར་མ་འཛེམ་པར་ཐག་རིང་ལུང་ཁུག་ཏུ་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་ཐེངས་ཁ་ཤས་བསྐྱོད་དེ་གནོད་འཚེ་ཐེངས་གཉིས་པ་མི་ཡོང་བ་བྱས་ཡོད།
བསྐྱར་སྐྲུན་གྱི་འགག་སྒྲོལ་དུས་མཚམས་སུ། རིམ་ཁག་ཏང་ཡོན་ལས་བྱེད་པས་དང་བླངས་ཞབས་ཞུའི་རུ་ཁག་གྲུབ་ནས་འཐབ་ས་དང་པོར་འོས་འགན་ངང་ལས་ཀ་དང་ངལ་རྩོལ་བྱས།
ཟླ་10པའི་ཟླ་མཇུག་ཏུ། སྣ་དཀར་གྲོང་ཚོའི་དུད་ཚང་113གྱི་སླར་གསོ་བསྐྱར་སྐྲུན་བྱས་པའི་སྡོད་ཁང་ཚང་མ་བསྐྲུན་ནས་རྩིས་སྤྲད་པ་དང་། ཡུལ་མི་རྣམས་གཅིག་རྗེས་གཉིས་མཐུད་དུ་ཁང་པ་གསར་པར་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།
ད་ལྟ་ང་ཚོས་བསམ་བློ་ཞིག་བཏང་ཚེ། འབྲེང་ཟམ་འདིས་ཁང་པའི་སོ་ཕག་དང་ཨར་འདམ་སྐྱེལ་འདྲེན་བྱེད་པ་ཙམ་ཞིག་མིན་པར་དེས“གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་གཅིག་ཀྱང་བསྐྱར་སྐྲུན་གྱི་ལམ་དུ་མ་ལུས་པར་བྱེད་པ”དེ་དམིགས་ཡུལ་གཙོ་བོ་ཡིན་ལ། “མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ”གངས་ལྗོངས་ས་མཐོར་ལག་ལེན་བསྟར་བའི་བདེན་དཔང་ཞིག་ཀྱང་རེད།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཕུར་སྒྲོན་དང་ཚེ་སྒྲོལ་གྱིས་ཞུས)