ད་ལོ་ཚུན་དུ། མངའ་རིས་ས་ཁུལ་གྱིས་དོན་དངོས་ལ་གཞི་ཚུགས་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་ལྟེ་བར་བྱས་ཏེ། ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུ་དོ་དམ་དང་གཞི་རིམ་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། རྩ་འཛུགས་ཀྱི་བཙན་རྫོང་སྟོབས་ཆེར་གཏོང་བ་དང་། མཉམ་འགུལ་ལམ་སྲོལ་གསར་གཏོད་བྱེད་པ། སྣ་མང་ཞུགས་པར་ཁྲིད་སྟོན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། གསར་དར་ཁྱབ་ཁོངས་དེ་ཉིད་གཞི་རིམ་བཅོས་སྐྱོང་གི་སྟོབས་ཤུགས་གལ་ཆེན་ཞིག་ལ་འགྱུར་བར་སྐུལ་འདེད་བཏང་ནས། མཐའ་མཚམས་ས་ཁུལ་གྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྒུལ་ནུས་གསར་པ་བསྣན་ཡོད།
གསར་དར་ཁྱབ་ཁོངས་བཅོས་སྐྱོང་གི་གསར་བརྗེའི་རྨང་གཞི་བརྟན་དུ་བཏང་བ།
གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཐད“དོ་དམ་བྱེད་མཁན་མེད་པ་དང་། འཛུགས་སྐྱོང་ཡག་པོ་བྱེད་མི་ཐུབ་པ། སྟོབས་ཤུགས་ཞན་པ”བཅས་ཀྱི་དཀའ་གནད་ལ་དམིགས་ནས། མངའ་རིས་ས་ཨུད་སྤྱི་ཚོགས་ལས་དོན་པུས་སྣེ་ཁྲིད་དེ“གསར་གཉིས”ལས་དོན་ཨུ་ལྷན་དང་། ལས་རིགས་ཏང་ཨུད། ཁེ་ལས་ཏང་རྩ་འཛུགས་སོགས་བྱེད་པོའི་འགན་དབང་གི་འབྲེལ་བ་གསལ་པོ་བཟོས་ཏེ“གོང་འོག་མཉམ་འགུལ། འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ”གྱི་ཏང་འཛུགས་སྐྱོང་ལས་ཀའི་མ་ལག་བསྐྲུན་ཡོད། “ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་རྒྱུ་དང་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ”དམིགས་ཚད་དུ་བཟུང་ནས། ས་ཨུད་ཀྱི“གསར་གཉིས”ལས་དོན་ཨུ་ལྷན་དང་། ལས་རིགས་ཏང་ཨུད། ཁེ་ལས་ཏང་ཀྲི་པུའུ་བཅས་རིམ་པ་གསུམ་གྱི་རྩ་འཛུགས་སྒྲོམ་གཞི་བཙུགས་ཏེ་ཁེར་རྐྱང་འཛུགས་སྐྱོང་དང་། ས་ཁོངས་མཉམ་སྐྱོང་། ལས་རིགས་མཉམ་སྐྲུན་སོགས་སྟབས་བསྟུན་བྱ་ཐབས་བརྒྱུད། གསར་དར་ཁྱབ་ཁོངས་སུ་ཏང་རྩ་འཛུགས་ནུས་ལྡན་ཁྱབ་པར་བྱས་ཡོད།
རྩ་འཛུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི“གསར་གཉིས”ལས་དོན་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་རྒྱུན་མཐུད་རྒྱ་ཆེ་རུ་ཕྱིན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་སྦྲག་སྲིད་མྱུར་སྐྱེལ་སོགས་གཙོ་གནད་ལས་རིགས་ཀྱི་ཏང་ཨུད་སྔ་རྗེས་སུ་བཙུགས་ནས“1+6+3”གྱི་ལས་རིགས་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་ཞིག་ཆགས་ཡོད། མིག་སྔའི་བར། “ཏང་ཡོན་ཡོད་པ་དང་། རྩ་འཛུགས་ཡོད་པ། བྱེད་སྒོ་སྤེལ་ཐུབ་པ”བཅས་ཀྱི་ཚད་གཞི་ལོན་པའི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ལ་ཏང་རྩ་འཛུགས་ཁྱབ་ཚད་80.23%དང་87.5%སོ་སོར་ཟིན་པ་དང་། གཙོ་གནད་རྩ་འཛུགས་དང་། གཙོ་གནད་ས་ཁོངས། གཙོ་གནད་ལས་རིགས། གཙོ་གནད་ཚོགས་སྤྱི་བཅས་ཀྱི་ཁྲོད་དུ་ཏང་རྩ་འཛུགས་ཁྱབ་ཚད་རྒྱུན་མཐུད་མང་དུ་ཕྱིན་ཏེ། ཏང་འཛུགས་སྐྱོང་གི་བཙན་རྫོང་དེ་ཉིད་དཔལ་འབྱོར་དང་སྤྱི་ཚོགས་ཀྱི“འཁྲུག་ཆ་དོད་ཤོས་ཀྱི་སར”རྩ་བ་ཚུགས་ཐུབ་པར་བྱས་ཡོད།
དེས་མ་ཟད། ལས་ཞུགས་ཚོགས་སྤྱི་གསར་པར་བསམ་བློའི་ཁྲིད་སྟོན་དང་གོང་བུ་འགྲིལ་བའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་ཆེད། མངའ་རིས་ས་ཨུད་སྤྱི་ཚོགས་ལས་དོན་པུས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་དུ་ཏང་དམངས་ཞབས་ཞུ་དང་། དམངས་འཚོའི་གཟིགས་སྐྱོང་། སྤྱི་ཚོགས་བཅོས་སྐྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་ལས་སྟེགས་ཏེ“རླུང་གཡོར་དམར་པོའི་ས་ཚིགས”བཙུགས་པ་དང་། དེའི་དམིགས་ཡུལ་ནི་ལས་ཞུགས་ཚོགས་སྤྱི་གསར་པར“དཀའ་ལས་ཁག་དུས་ངལ་གསོ་རྒྱག་ས་དང་། སྐོམ་དུས་ཆུ་འཐུང་ས། འཁྱགས་དུས་དྲོད་ལེན་ས། ཉོབ་དུས་གཉིད་ཉལ་ས། ཛ་དྲག་ཆེ་དུས་རོགས་སྐྱོར་ཞུ་ས། སུན་དུས་སེམས་གཏམ་ཤོད་ས”བཅས་ཡོད་པའི“ཁྱིམ་ཚང”ཞིག་བསྐྲུན་ཆེད་རེད།
གཞི་རིམ་བཅོས་སྐྱོང་གི་མཐུན་སྦྱོར་ནུས་ཕྱོད་ཆེ་རུ་བཏང་བ།
མངའ་རིས་ས་ཁུལ་གྱིས་གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱས་ཏེ“མཉམ་སྐྱོང་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། ལེགས་ཆ་གསབ་རེས”བཅས་བྱས་ཏེ་གསར་དར་ཁྱབ་ཁོངས་དེ་གྲོང་གསེབ་དང་སྡེ་ཁུལ་བཅོས་སྐྱོང་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།
གྲོང་གསེབ་དར་རྒྱས་དང་མཐའ་མཚམས་བརྟན་ལྷིང་ལས་དོན་ལ་རམ་འདེགས་བྱས་ཏེ། གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་དེ་གྲོང་ཚོ་དབུལ་པོ་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་དང་མཉམ་སྐྱོང་མཉམ་སྐྲུན་རྒྱ་ཁྱབ་བྱས་པ་དང་། “ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བ”དང“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དང་འབྲེལ་མཐུད་བྱེད་པའི”མཐའ་མཚམས་ལ་རམ་འདེགས་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། མིག་སྔའི་བར། ལྗོངས་ཕྱི་ནང་གི་དམངས་གཉེར་ཁེ་ལས་དང་ཚོང་ལས་མཐུན་ཚོགས་23ལ་ཁྲིད་སྟོན་བྱས་ནས་ཐོན་ལས་རོགས་སྐྱོར་དང་། སློབ་གསོ་གསོ་སྦྱོང་། སྤྱི་ཕན་ཞལ་འདེབས་བཅས་སྒྲིག་འཛུགས་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་613.17བཏང་བས་སྲིད་འཛིན་གྲོང་ཚོ་32ལ་ཕན་པ་ཐོབ་པ་དང་། དེས་མཐའ་མཚམས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ལ། གསར་དར་ཁྱབ་ཁོངས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྤྱི་ཚོགས་ཀྱི་འགན་འཁྲི་ཡང་མངོན་ཡོད། ས་ཁུལ་གྱི་དམངས་གཉེར་ཁེ་ལས་ཀྱིས་གྲོང་ཚོ་གྲོང་ལྷན་དང་ཆ་སྒྲིག་བྱས་ནས་དམངས་ཕན་སྒོ་རྩིས་ཚོང་ཁང་དང་ཟ་ཁང་གཉེར་རོགས་བྱས་ཏེ། ཐོན་ལས་དབུལ་སྐྱོར་བྱ་ཐབས་དོན་འཁྱོལ་ཧུར་ཐག་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་དར་རྒྱས་ལ་རམ་འདེགས་ནུས་ལྡན་བྱས་ཡོད།
གསར་དར་ཁྱབ་ཁོངས་ཀྱི་གདོང་ལེན་རང་མདངས་མངོན་པ།
གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཞིང་འབྲོག་ཁུལ་དང་སྡེ་ཁུལ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། གྲོང་གསེབ་དར་རྒྱས་དང་འགལ་ཟླ་རྩོད་གཞི་སེལ་བ་སོགས་ཀྱི་ལས་དོན་ནང་ཞུགས་ཡོད། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས་ལས་ཐོག་ཏང་ཡོན་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་པར་སྐུལ་སློང་བྱས་པ་དང་། སེམས་ཁུར་རོགས་སྐྱོར་དང་། དང་བླངས་ཞབས་ཞུ། སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་རྣམ་པའི་ཐོག་ནས“འབྱོར་ཐོ་གཉིས་འགོད”ཀྱི་བྱེད་སྒོ་ཐེངས་14ཙམ་སྤེལ་བར་ཏང་ཡོན་མི་ཐེངས་120ལྷག་ཙམ་ཞུགས་པ་དང་། མང་ཚོགས་ལ“ཕུགས་འདུན་ཆུང་ངུ”དང“བསམ་འདུན་ཆུང་ངུ་”80ལྷག་ཙམ་སྒྲུབ་རོགས་བྱས་ཤིང་། དེ་དག་ནང་སློབ་སྐྱོར་དང་། སྨན་བཅོས་རོགས་རམ། ལས་ཞུགས་མཛུབ་ཁྲིད་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པས། མང་ཚོགས་ཚོས་གསར་དར་ཁྱབ་ཁོངས་ལས་བྱུང་བའི་དྲོ་སྐྱིད་དང་གསོན་ཤུགས་དངོས་འབྲེལ་ཚོར་ཐུབ་ཡོད།
མངའ་རིས་ས་ཁུལ་གྱིས་གསར་དར་ཏང་འཛུགས་སྐྱོང་གིས་གཞིས་རིམ་བཅོས་སྐྱོང་གསར་གཏོད་ལ་ཁྲིད་སྟོན་བྱེད་རྒྱུ་རྒྱུན་མཐུད་གཏིང་ཟབ་དུ་བཏང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་བརྟན་ལྷིང་ལ་ཞབས་འདེགས་ཞུ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གསར་དར་ཁྱབ་ཁོངས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་པར་སྐུལ་འདེད་བཏང་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མངའ་རིས་གསར་པ་བསྐྲུན་ཆེད་སྟོབས་ཤུགས་སྔར་ལས་མང་བ་ལེགས་སྐྱེས་འབུལ་རྒྱུ་རེད། (བསྟན་བློ་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)