སྨྱན་སྦྱོར་གསར་པ་དར་སྲོལ་ཤུགས་ཆེན་བྱུང་བ་དང་བསྟུན་ནས་སྨྱན་སྦྱོར་གསར་པར་ཆ་འཕྲིན་དུས་ཐོག་ཏུ་ཡིག་སྒྱུར་བརྒྱུད་བསྒྲགས་བྱེད་པ་དང་། རིག་གནས་ཀྱི་མཚོན་དོན་གསལ་པོ་དགོས་པ། ཡུལ་སྐད་དབར་གྱི་ཧེ་བག་ཆུང་དུ་གཏོང་དགོས་པ་བཅས་ཀྱི་དཀའ་གནད་གསུམ་འཕྲད་ཡོད། སྲོལ་རྒྱུན་གྱི་ཡིག་སྒྱུར་བྱེད་སྟངས་ཁོ་ནར་བརྟེན་ན་བརྙན་ཐུང་དང་། སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སོགས་སྨྱན་སྦྱོར་གསར་པའི་ཡིག་སྒྱུར་གྱི་དགོས་མཁོ་ཡོངས་སུ་སྐོང་མི་ཐུབ་པས། མི་རིགས་ས་ཁུལ་དུ་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པའི་ཕན་འབྲས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་འཛུགས་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད།
དང་པོ། སྨྱན་སྦྱོར་གསར་པའི་སྐད་ཆའི་ཁྱད་ཆོས་ལ་བསམ་གཞིགས་གང་ལེགས་བྱེད་དགོས།
སྨྱན་སྦྱོར་གསར་པར་བརྒྱུད་སྤེལ་མགྱོགས་པ་དང་། རིག་གནས་མཉམ་འདྲེས་ཀྱི་ཁྱད་ཆོས་ལྡན་ཡོད། དེའི་ཡིག་སྒྱུར་ལ་ཡང་སྐད་ཆའི་ཁྱད་ཆོས་ཀྱི་ཤུགས་རྐྱེན་ཐེབས་ཡོད། སྤྱིར་ན་ཡིག་སྒྱུར་ཞེས་པ་དེ་སྐད་རིགས་ཤིག་སྐད་རིགས་གཞན་ཞིག་ཏུ་ཕབ་སྒྱུར་བྱས་ནས་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པར་བརྗོད་ཀྱི་ཡོད། འོན་ཀྱང་ད་ཆ་སྨྱན་སྦྱོར་གསར་པའི་ཆ་འཕྲིན་བརྒྱུད་སྤེལ་གྱི་ཁོར་ཡུག་ལ་བསམ་གཞིགས་གང་ལེགས་བྱེད་དགོས། ལྷག་པར་དུ་སྨྱན་སྦྱོར་གསར་པར་བསྡུས་འབྲི་དང་། ཚིག་ཚོགས། རྣམ་འགྱུར་མཚོན་རྟགས་སོགས་ཀྱི་ཐད་ནས་སྤེལ་རེས་བྱེད་ཀྱི་ཡོད་ཅིང་། སྲོལ་རྒྱུན་གྱི་ཡིག་ཐོག་སྐད་ཆ་དང་བསྡུར་ཚེ་སྨྱན་སྦྱོར་གསར་པའི་སྐད་ཆ་དེ་རིགས་ལ་ཁ་སྐད་ཅན་དང་སྟབས་བདེ་ཅན་གྱི་ཁྱད་ཆོས་ཡོད། ཡིག་སྒྱུར་བྱེད་སྐབས་ཁྱད་ཆོས་དེ་དག་ལ་བསམ་གཞིགས་བྱེད་པ་ནི་འགྱུར་ཡིག་ཚད་དང་ལོན་པ་ཞིག་ཏུ་སྒྱུར་ཐུབ་མིན་གྱི་འགག་རྩ་ཡིན།
སྨྱན་སྦྱོར་གསར་པའི་སྐད་ཆ་ནི་གྲངས་འཛིན་ལག་རྩལ་གྱི་འདེགས་སྐྱོར་ལ་བརྟེན་པ་ཞིག་ཡིན་ཞིང་། དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། རྣམ་པའི་ཐོག་ནས་བཤད་ན་དེ་ནི་སྲོལ་རྒྱུན་སྨྱན་སྦྱོར་གྱི་རྣམ་པ་གཅིག་ཁོ་ནར་བརྟེན་པའི་གནས་བབ་ལ་འགྱུར་ལྡོག་བྱུང་ནས་ཡི་གེ་དང་། པར་རིས། བརྙན་ཐུང་། སྒྲ་སོགས་རྣམ་པ་མང་པོ་མཉམ་འདྲེས་བྱས་པ་ཞིག་ཡིན། ནང་དོན་ཐད་སྨྱན་སྦྱོར་གསར་པ་ནི་ཐུང་བ་དང་། ཐག་ཉེ་བ། མགྱོགས་པ་བཅས་ཀྱི་བརྒྱུད་བསྒྲགས་བྱེད་སྟངས་ནས་གསར་འགྱུར་དང་ལེན་བྱེད་མཁན་གྱི་དགོས་མཁོ་སྐོང་ཞིང་། དུས་ཐོག་ལ་བརྒྱུད་བསྒྲགས་ཐུབ་པ་དང་། སྤེལ་རེས་བྱེད་ཤུགས་ཆེ་བ་ནི་དེའི་དགེ་མཚན་ཡིན། ཡིག་སྒྱུར་བྱེད་སྐབས་སྐད་ཡིག་གི་བརྗེ་སྒྱུར་དང་རིག་གནས་ཀྱི་ནང་དོན་འཚམ་མཐུན་ཡོང་བ་བྱེད་དགོས། དེ་ཡང་ནང་དོན་གཅིག་མཚུངས་སུ་ཕབ་སྒྱུར་བྱེད་པའི་རྩ་དོན་གཞིར་བཟུང་འགྱུར་ཡིག་ཏུ་ནང་དོན་ཆད་ལྷག་མེད་པར་ཕབ་སྒྱུར་བྱེད་པ་དང་། གཙོ་གནད་མིང་ཚིག་བཀས་བཅད་གཞིར་བཟུང་ཡིག་སྒྱུར་བྱེ་དགོས། དེ་དང་ཆབས་ཅིག སྨྱན་སྦྱོར་གསར་པའི་རྩོམ་ཡིག་གི་ཁ་བྱང་ཡིག་སྒྱུར་ལ་དོ་སྣང་ཆེན་པོ་བྱེད་དགོས།
ལྷག་པར་དུ་སྨྱན་སྦྱོར་གསར་པའི་ཆ་འཕྲིན་མང་པོ་ཞིག་ནི་ཕན་ཚུན་སྤེལ་རེས་ལས་བྱུང་བ་ཞིག་ཡིན་ཞིང་། དེ་ལས་ཆ་འཕྲིན་འགྲེལ་བཤད་དང་བརྒྱུད་བསྒྲགས་བྱ་རྒྱུར་ཤུགས་རྐྱེན་གཏིང་ཟབ་ཐེབས་སྲིད། དེའི་ཕྱིར། ཡི་གེའི་སྤྱོད་ཡུལ་དང་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། ཡང་དག་པའི་ཆ་འཕྲིན་དང་རྣམ་འགྱུར་མཚོན་ཐུབ་པར་འགན་ལེན་བྱེད་དགོས། ཚོགས་འདུ་སོགས་ལ་སྒམ་ནན་གྱི་ཁ་བྱང་འབྲི་དགོས་པ་དང་དུས་ཆེན་སོགས་ལ་དགོད་བྲོ་པོ་དང་ཡིད་དབང་འགུག་ཐུབ་པའི་ཁ་བྱང་ཞིག་འབྲི་དགོས། རིང་ཐུང་ལ་ཚད་བཀག་ནན་པོ་ཡོད་པའི་ཁ་བྱང་དེ་ཁ་སྐད་ནས་བརྗོད་བདེ་བ་དང་། ཤེས་འདོད་དང་ལྟ་འདོད་ཀྱི་བློ་སྐྱེ་བའི་དགེ་མཚན་ལྡན་དགོས། དཔེར་ན། གློ་བུར་དུ་གནས་ཚུལ་འདི་འདྲ་ཞིག་ཐོན་འདུག་ཅེས་པ་ལྟ་བུ་སྟབས་བདེ་ལ་བསམ་ཚོད་ཀྱིས་ཁེངས་པའི་ཁ་བྱང་དེ་སྨྱན་སྦྱོར་གསར་པའི་བརྒྱུད་བསྒྲགས་ཀྱི་ཁྱད་ཆོས་དང་འཚམ་པོ་ཡོད། གཞན་ད་དུང་། དོ་ཁུར་བྱེད་མང་བའི་ཁྱད་ཆོས་དེ་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་དབར་བརྒྱུད་བསྒྲགས་བྱེད་སྐབས། འགོ་བརྗོད་ཀྱི་ཁྱབ་ཁོངས་དང་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་དགོས་དཔེར་ན། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཞིག་རང་ས་ཅན་དུ་འགྱུར་དགོས་པ་ལྟ་བུ་ཡིན།
སྨྱན་སྦྱོར་གསར་པའི་ནང་རིག་གནས་ཀྱི་སྣ་མང་རང་བཞིན་ནི་ཡིག་སྒྱུར་དང་ཁྱབ་སྤེལ་ལ་འཕྲད་པའི་འགྲན་སློང་ཞིག་ཡིན། ཆ་འཕྲིན་བརྒྱུད་བསྒྲགས་བྱེད་སྐབས་ས་ཁུལ་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་དབར་གྱི་ཧེ་བག་ལ་བསམ་བློ་གཏོང་དགོས། ཧེ་བག་དེ་རིགས་ཀྱིས་ཆ་འཕྲིན་བརྒྱུད་བསྒྲགས་དང་གསལ་འགྲེལ་ལ་ཤུགས་རྐྱེན་ཐེབས་སྲིད། དེའི་ཕྱིར། ཡིག་སྒྱུར་དང་ཁྱབ་སྤེལ་ཁྲོད་དུ་རིག་གནས་ཀྱི་ཁྱད་པར་ལ་བསམ་བློ་བཏང་སྟེ། རིག་གནས་ཁོར་ཡུག་མི་འདྲ་བའི་ནང་དུ་ཆ་འཕྲིན་ལ་གོ་བ་ཡང་དག་ལེན་ཐུབ་པར་འགན་ལེན་བྱེད་དགོས། མདོར་ན། དུས་ཐོག་ཏུ་འགོད་སྤེལ་ཐུབ་པ་དང་དོ་ཁུར་བྱེད་མང་བའི་གནད་དོན་ཁ་བྱང་དུ་མཚོན་པར་བྱེད་པ་ནི་སྨྱན་སྦྱོར་གསར་པའི་རྩོམ་ཡིག་གི་ཁ་བྱང་ལ་གསོན་ཤུགས་ལྡན་པ་བྱེད་པའི་འགག་གནད་དེ་ཡིན།
གཉིས་པ། སྨྱན་སྦྱོར་གསར་པའི་ཡིག་སྒྱུར་གྱི་བླང་བྱ་དང་མཐུན་དགོས།
སྨྱན་སྦྱོར་གསར་པའི་ཡིག་སྒྱུར་ཞེས་པར་གསར་རྩོམ་གྱི་ངོ་བོ་ངེས་ཅན་ལྡན་ཡོད་པས་ཡིག་སྒྱུར་བྱེད་སྐབས་མ་ཡིག་གི་དོན་མ་འཁྲུལ་བའི་ཐོག སྨྱན་སྦྱོར་གསར་པའི་བརྒྱུད་བསྒྲགས་ཀྱི་ཆོས་ཉིད་དང་མཐུན་དགོས། སྨྱན་སྦྱོར་གང་ཡིན་རུང་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དགེ་མཚན་ཡོད། ཡིག་སྒྱུར་བྱེད་སྐབས་མ་ཡིག་གི་ནང་དོན་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་རང་འགར་ཕབ་ན། སྒྱུར་ཡིག་གི་ཁྱད་ཆོས་ཤོར་འགྲོ་བ་མ་ཟད་མ་ཡིག་གི་དོན་ཇི་མ་ཇི་བཞིན་སྟོན་པར་དཀའ། དཔེར་ན། ཉེ་རབས་ཀྱི་རྩོམ་རིག་ཡིག་སྒྱུར་བརྩམས་ཆོས《ཆུ་ངོགས་གཏམ་རྒྱུད》ལྟ་བུ་རྒྱ་ཡིག་ནས་བསྒྱུར་བ་ཡིན་མོད། སྐབས་དེའི་ལོ་ཙྰ་བ་རྣམས་ཀྱིས་ནང་དོན་ལ་གོ་བ་ལེགས་པར་བླངས་རྗེས་སྐད་བརྡའི་འགྲོ་སྟངས་དང་ཡི་གེའི་སྲོལ་ཚང་མ་བོད་རང་གི་བརྡ་སྤྲོད་ཇི་བཞིན་བསྒྱུར་བས་སྐད་ཡིག་གཞན་གྱི་རམ་འདེགས་མེད་ཀྱང་དོན་རྟོགས་པར་འགོག་རྐྱེན་མེད་པ་བསླབ་གཞི་གསོན་པོ་ཞིག་ལ་བརྩི་ཆོག
སྨྱན་སྦྱོར་གསར་པའི་ཡིག་སྒྱུར་ནང་མ་ཡིག་གི་ནང་དོན་དུམ་བུ་རེ་རེ་ཕབ་སྒྱུར་གྱི་ལས་འགན་ལེགས་སྒྲུབ་ཐུབ་ཀྱི་ཡོད་རུང་། བློ་སྲོག་དེ་ཤོར་འགྲོ་གི་ཡོད། དེས་ན་སྨྱན་སྦྱོར་གསར་པའི་བརྒྱུད་བསྒྲགས་ཀྱི་ཁྱད་ཆོས་དང་། སྨྱན་སྦྱོར་གྱི་ཁོར་ཡུག གླེང་ཕྱོགས་ཀྱི་གྲུབ་ཆ་བཅས་ལ་གཞིགས་ནས། ལྟེ་བའི་བླ་སྲོག་ཕབ་སྒྱུར་བྱས་པའི་རྨང་གཞིའི་ཐོག རིན་ཐང་ཕབ་སྒྱུར་གྱི་མཇུག་འབྲས་ལ་བསམ་གཞིགས་བྱེད་དགོས། དེས་ན་བསྟན་པའི་དོན་རྣམས་ཀློག་པ་པོའམ་ཉན་པ་པོས་དོན་གསལ་བར་རྟོཌ་ཐུབ་ལ། བརྒྱུད་བསྒྲགས་ཀྱི་ཕན་ནུས་ཀྱང་ཐོན་ཐུབ། ལྷག་པར་དུ་ཡིག་སྒྱུར་བྱ་བ་དངོས་ནང་འཇུག་སྐབས། ཐད་སྒྱུར་དང་དོན་སྒྱུར། ཡང་ན་འཕྲི་སྣོན་གྱི་ཐབས་གང་སྤྱད་ཀྱང་སྐད་བརྡའི་ཁྱད་ཆོས་དང་བསྒྱུར་ཡིག་གི་བརྗོད་བདེར་བསམ་གཞིགས་བྱས་ནས་ངག་ལ་བྱང་ཞིང་དོན་གསལ་བར་སྟོན་དགོས།
གསུམ་པ། མ་ཡིག་གི་ནང་དོན་ལ་འགྱུར་བ་གཏོང་རྒྱུ་མེད།
སྨྱན་སྦྱོར་གསར་པའི་ཡིག་སྒྱུར་ལས་ལ་འཇུག་མཁན་ཚོས་མ་ཡིག་གི་དོན་དང་འབྲེལ་བ་མེད་པའི་ཚིག་ཁ་སྣོན་བྱས་ཚེ་སྣོན་སྒྱུར་གྱི་དགོས་པ་མི་ཐོན་པར་ཡིག་སྒྱུར་གྱི་གཞུང་དང་འགལ་བའི་གནས་ཚུལ་ཐོན་སྲིད། དེར་བརྟེན་ངེས་པར་དུ་མ་ཡིག་གི་དོན་ལ་བསྟུན་རྒྱུའི་ཐད་བསམ་གཞིགས་ནན་པོ་བྱེད་དགོས།
མ་ཡིག་ནི་སྨྱན་སྦྱོར་གསར་པའི་ཡིག་སྒྱུར་གྱི་རྨང་རྡོ་ཡིན་ཞིང་། དེར་གོ་བ་ཡང་དག་ལེན་པ་དང་། དོན་གྱི་སྙིང་པོ་བསྡུ་ལེན་བྱེད་པ། སྒྱུར་ཡིག་ཏུ་ཇི་ལྟར་མངོན་པ་བཅས་བྱ་རྒྱུ་ནི་ལོ་ཙཱ་བའི་ལས་འགན་ཡིན། དེ་ལས་ང་ཚོས་མ་ཡིག་ལ་གོ་བ་ཡང་དག་ལེན་པ་ནི་སྨྱན་སྦྱོར་གསར་པའི་ཡིག་སྒྱུར་གྱི་གོམ་སྟབས་དང་པོ་དེ་ཡིན་པ་མཐོང་ཐུབ། མ་ཡིག་ལ་གོ་འཛོལ་མེད་པར་ངོས་འཛིན་ཡང་དག་ཐུབ་ན་ཡིག་སྒྱུར་གྱི་གནད་གལ་ཆེན་པོ་ཞིག་ཐག་གཅོད་ཐུབ་པ་རེད། རྣམ་ཀུན་གྱི་ལོ་ཙཱའི་གོ་རིམ་ཁྲོད། ལོ་ཙཱའི་ལས་དང་པོའམ་ཉམས་མྱོང་གིས་དབེན་པའི་ལོ་ཙཱ་བ་ཁག་གཅིག་གིས་མ་ཡིག་ཁྱོན་ཡོངས་ལ་ཞིབ་ལྟ་ཐེངས་གཅིག་ཀྱང་མ་བྱས་པར། ཐད་ཀར་བསྒྱུར་གྱི་ཡོད་སྟབས། མ་ཡིག་ལ་གོ་བ་ལེན་ནོར་ཤོར་བ་དང་། གཅོད་མཚམས་ཉམས་པ། འགྱུར་ཡིག་གནད་དུ་མི་འཁེལ་བ་སོགས་ཀྱི་སྐྱོན་འབྱུང་ལ། ཀློག་པ་པོས་ཀྱང་བརྗོད་བྱའི་སྙིང་པོ་གསལ་པོ་མི་རྟོགས་པ་དང་། བརྗོད་བྱེད་ཚིག་ལ་ཉམས་ཀྱིས་དབེན་པས་ཀློག་འདོད་ཀྱི་སྤྲོ་སྣང་ཉམས་འགྲོ་གི་ཡོད།
བཞི་པ། སྨྱན་སྦྱོར་འགྱུར་ཡིག་ཚད་ལྡན་ཡོང་བ་བྱེད་དགོས།
སྨྱན་སྦྱོར་གསར་པ་ཡིག་སྒྱུར་བྱེད་པར་ཆ་མཚོན་ན། རྒྱ་ཡིག་གི་ཆུ་ཚད་མཐོ་པོ་མེད་ན་མ་ཡིག་ལ་གོ་བ་ལོན་མི་ཐུབ་པས། ཡིག་སྒྱུར་གྱི་ཚད་འཛིན་ཆེན་པོ་གསུམ་ལས་མ་ཡིག་གི་ནང་དོན་དང་མཐུན་པ་ཞེས་པ་དེ་ཡོང་ཐབས་མེད། དེ་བཞིན་བོད་ཡིག་གི་ཆུ་ཚད་མཐོ་པོ་མེད་ན་ཡིག་སྒྱུར་གྱི་ཚད་འཛིན་ཆེན་པོ་གསུམ་ལས་རྗོད་བྱེད་ཚིག་གོ་བདེ་བ་དང་། མ་ཡིག་གི་ཉམས་སྣང་ལེགས་པོ་ཞིག་འདོན་མི་ཐུབ་ཅིང་། ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་མ་ཡིག་དང་འགྱུར་ཡིག་གི་ནང་དོན་ཕྱིན་ཅི་ལོག་ནས་བསྒྱུར་བ་དང་། འགྱུར་ཡིག་གིས་མ་ཡིག་གི་དོན་སྟོན་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ཐོན་ངེས་ཡིན། མདོར་ན། སྨྱན་སྦྱོར་གསར་པའི་ཡིག་སྒྱུར་ནི་གསར་འགྱུར་གྱི་བརྒྱུད་སྤེལ་ཁྱད་ཆོས་དང་སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་ཆོས་ཉིད་ལ་གཞིགས་པའི་ཡིག་སྒྱུར་གྱི་བྱ་བ་ཞིག་ཡིན་པས་ཡིག་སྒྱུར་གྱི་རྩ་དོན་ལ་བསྟུན་པའི་རྨང་གཞིའི་ཐོག་གསར་གཏོད་ལྡན་པའི་སྒོ་ནས་གོ་བདེ་བ་དང་། ཉན་སྤྲོ་བ། བརྒྱུད་བསྒྲགས་ལེགས་པ་བཅས་ཀྱི་རང་བཞིན་ལྡན་པ་ཞིག་དགོས་ཀྱི་ཡོད་ཅིང་། སྨྱན་སྦྱོར་གསར་པའི་ཡིག་སྒྱུར་ལས་དོན་པས་དམིགས་བྱ་གཙོ་བོ་བརྒྱུད་སྤེལ་གྱི་ནུས་པ་གང་ལེགས་ཐོན་པ་བྱ་རྒྱུ་དེ་སྤུས་ཚད་ལེགས་པའི་ཡིག་སྒྱུར་བརྩམས་ཆོས་ནས་མངོན་པར་བྱ་རྒྱུ་དེ་རེད། (ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བསྟན་འཛིན)