ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་རྨང་གཞིར་འཛིན་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམ་འཛིན་བྱ་གཞིར་བྱེད་པ། ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ཐབས་ལམ་དུ་བྱས་ཏེ། གངས་ལྗོངས་ས་མཐོར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ནས“ནམ་མཁའ་སྔར་བས་གཡའ་དག་པ་དང་། རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་བས་དྭངས་པའི”འདུ་ཤེས་དངོས་ཡོད་དུ་གྱུར་པར་བྱས་ཡོད།
གནམ་སྔོན་ཆུ་དྭངས་དྭངས་གཙང་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ།
“ཉིན་ལྟར་སྒེའུ་ཁུང་ཕྱེ་ཚེ། མིག་ལག་དུ་འཆར་བ་ནི་གནམ་སྔོན་སྤྲིན་དཀར་ཡིན་པ་དང་། དགོང་མོ་ད་དུང་གཙང་ཆུ་ཤང་ཤང་དུ་རྒྱུག་པའི་སྒྲ་དང་བསྟུན་ན་གཉིད་དུ་ཡུར་གྱི་འདུག དེ་ལྟ་བུའི་འཚོ་བ་སྔོན་ཆད་བསམ་པའི་ཡུལ་ལའང་མེད”ཅེས་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱི་གྲོང་མི་ཚེ་རིང་སྒྲོལ་དཀར་གྱིས་མྱོང་ཚོར་ཆེན་པོས་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་བའི་གྲུབ་འབྲས་བཤད། དེ་དག་ནི་ལྷོ་ཁ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་སྙིང་རུས་གཏན་འཁྱོངས་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་སྐུལ་འདེད་བཏང་བ་ལས་བྱུང་།
“ང་ཚོས་ཁེ་ལས་ལ་བཟོ་ལས་གླིང་དུ་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་གྱི་ལས་སྟེགས་དང་འབྲེལ་མཐུད་བྱས་ནས་དུས་ཐོག་ཏུ་ལྟ་སྐུལ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཏེ། སྦགས་བཙོག་དངོས་པོ་ཚད་གཞི་ལས་བརྒལ་བ་ཤེས་རྟོགས་བྱུང་ཚེ། ཁེ་ལས་ལ་བཅོས་སྒྲིག་བྱེད་དུ་འཇུག་གི་ཡོད”ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་དཔོན་ཟླ་བ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བྱེད་ཐབས་རབ་དང་རིམ་པ་བརྒྱུད་2022ལོར་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་100%ཟིན་ནས་2020ལོ་ནས་བཟུང་99.4%ཡན་དུ་རྒྱུན་མཐུད་བརྟན་པོ་བྱུང་བས།“མགོ་བོ་བཏེགས་ན་དགུང་སྔོན་མཐོང་རྒྱུ་ཡོད་པ”དེ་གྲོང་མིའི་རྒྱུན་གཏན་གྱི་འཚོ་བར་གྱུར་ཡོད།
རི་ཆུ་ནགས་ཞིང་དང་མཚོ་རྩྭ་བཅས་བསྲུངས་པ།
“སྔོན་ཆད་འདི་གར་སྐྱ་ཐེར་ཐེར་ཡིན་མོད། ད་ལྟ་སྡོང་ཕྲུག་བཏབ་ནས་རིམ་བཞིན་སྔོ་ཐིང་ཐིང་དུ་གྱུར་བ་ལ་བལྟས་པ་ཙམ་གྱིས་སེམས་སྐྱིད་པོ་འདུག”ཅེས་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་རྣམ་གྲངས་ཀྱི་ལྷོ་ཁའི་ཡུག་ཁུལ་དུ་ཤིང་འཛུགས་ལ་ཞུགས་མཁན་པ་སངས་དོན་གྲུབ་ཀྱིས་དཔྲལ་བའི་རྔུལ་ཆུ་ཕྱིས་བཞིན་རྒྱབ་ཕྱོགས་ཀྱི་ནགས་ཚལ་ལ་མཛུབ་མོ་བཙུགས་ནས་དེ་ལྟར་བཤད། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གི་འདུ་ཤེས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོར་སྐུལ་འདེད་བཏང་སྟེ་གངས་ལྗོངས་ས་མཐོའི་སྐྱེ་ཁམས་སྲུང་བཅད་སྔར་བས་སྲ་བརྟན་དུ་བཏང་ཡོད།
ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་ཀྱི་གྲས་སུ་རིགས་ཆེ་གྲས་7དང་ཆུང་གྲས་20ཡི་ཡན་ལག་རྣམ་གྲངས་102ཚུད་ཡོད་པ་དང་། མིག་སྔར་རྣམ་གྲངས་100ལེགས་སྒྲུབ་ཟིན་ནས་ལེགས་སྒྲུབ་བྱེད་ཚད་98%ཟིན་པ་དང་། ལྷ་སའི་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་རྣམ་གྲངས་གཙོ་བོར་བྱས་ཏེ། རྒྱལ་ཁབ་ས་ཆ་མུའུ་ཁྲི་18.88སྔོ་སྒྱུར་བྱས་པ། 2025ལོར་འོས་འགན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་1.36ལེགས་སྒྲུབ་བྱས་པ། ལྷོ་ནུབ་མཐའ་མཚམས་ཀྱི་ལོ་རྒྱུས་ཀྱི་ཤུལ་ལུས་བེད་མེད་གཏེར་རིའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་ལག་བསྟར་བྱས་ནས་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང་211.79ཟིན་པ་སོགས། བྱ་ཐབས་རབ་དང་རིམ་པ་ལས་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་རྣམ་པ་གསར་རྐྱང་དུ་གྱུར་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་118.28ཟིན་ནས་ནགས་ཚལ་ཁྱབ་ཚད་24.79%ཟིན་པ་དང་། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་23.9ཟིན་པ། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་66.85%ཟིན་པ། གྲོང་ཁུལ་གྱི་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་10.34ཟིན་ནས་སྔོ་ལྗང་དུ་གྱུར་ཚད་45.65%ཟིན་པ། ཡར་ཀླུང་མི་དམངས་སྤྱི་གླིང་དང་ཡར་ཀླུང་གཙང་པོའི་སྐྱེ་ཁམས་བར་ཁྱམས་དེ་གྲོང་མི་རྣམས་ཀྱི་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད།
ནུས་རྒྱུ་གཙང་མ་དང་ཁྱད་ལྡན་ཐོན་ལས་དབར་ཕན་ཚུན་མཐུན་རྐྱེན་སྦྱར་བ།
“དེ་གོང་སྣུམ་བླུགས་དགོས་ཚེ་སྤྱི་ལེ་ཁ་ཤས་སར་འགྲོ་དགོས་ཀྱི་ཡོད། ད་ལྟ་ཁུལ་ཆུང་གི་སྒོ་རྩར་གློག་སྡོང་ཡོད་པས་ནུས་གསར་རླངས་འཁོར་བཏང་ན་སྟབས་བདེ་པོ་འདུག”ཅེས་སྣེ་གདོང་ཆུས་སྐུ་ཁམས་བཟང་ཁུལ་ཆུང་གི་གྲོང་མི་བསྟན་འཛིན་གྱིས་ཁང་པའི་འོག་གི་གློག་སྡོང་ལ་ལྟ་ཞོར་དུ་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད། སྟབས་བདེ་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བ་ལས་བྱུང་བ་ཞིག་རེད།
ནུས་རྒྱུ་གཙང་མའི་གསར་སྤེལ་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་རྟགས་གཞན་ཞིག་རེད། “ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི”དམིགས་ཚད་ལ་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་འཆར་འགོད(2023ལོ་ནས་2035ལོའི་བར)》བཏོན་ནས་ལྗོངས་ཡོངས་ཀྱི“འོད་ཤུགས་དང་བྱེ་བཅོས་ཟུང་འབྲེལ”གྱི་དཔེ་སྟོན་རྣམ་གྲངས་དང་པོ་སྟེ། གྲ་ནང་རྫོང་གྲ་ཕྱི་ཤང་ནོར་སྟོད་གྲོང་ཚོའི་འོད་ཤུགས་བྱེ་བཅོས་རྣམ་གྲངས་ལག་ལེན་བསྟར་ནས་ལས་འགོ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། གཞན་ཡང་། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་གྲོང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་གྱི་གློག་གསོག་ས་ཚིགས(གློག་སྡོང)12སྒྲིག་སྦྱོར་དང་ནུས་གསར་རླངས་འཁོར་གྱི་གློག་སྡོང་130བཙུགས་ནས། 2025ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་ཡོངས་སུ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་37.8ཟིན་པ་དང་། ནུས་རྒྱུ་རང་མཁོ་རང་སྤྲོད་བྱེད་ཚད་100%བརྟན་པོ་བྱུང་བ། ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་དང་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་གསར་དུ་འཕར་ཚད་100%ཟིན་ནས“ནུས་རྒྱུ་གཙང་མའི་གློག་སྤྱོད་པ་དང་ལྗང་མདོག་ལམ་བུར་བསྐྱོད་པ”གཉིས་མངོན་འགྱུར་བྱུང་ཡོད།
(བསོད་བདེ་ཆེ་བ་དང་། དབང་སྒྲོལ་སྐྱིད། བདེ་དབང་བཅས་ཀྱིས་སྒྱུར་ཞུས་བྱས)