བོད་ལྗོངས་ཀྲི་ཡོན་ཧུའེ་ཀུའུ་མཐོ་རིམ་ཤེས་ལྡན་པའི་གསར་གཏོད་ལྟེ་གནས་ཀྱི་གཞུང་ལས་ཁང་དུ་ལོ་22ལ་སླེབས་པའི་པད་མ་ཚེ་བརྟན་སྒྲོག་ཙེའི་མདུན་དུ་ཕྲན་ཚེགས་ཁེ་ལས་ཀྱི་རེ་ཞུའི་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བསྡུར་བྱེད་བཞིན་ཡོད་པ་དང་། ཁོང་གིས་རེའུ་མིག་རྒྱོང་བའི་སྨྱུ་གུའི་སྐད་སྒྲ་ཞིག་མཚམས་མཚམས་སུ་གྲགས་འོང་། 2024ལོར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་མ་ཐག་པའི་གཞོན་ནུ་དེས་མཉམ་ལས་པ་དང་མཉམ་དུ་བཙུགས་པའི་བོད་ལྗོངས་སཱ་མཱ་ཚན་རྩལ་ཚད་ཡོད་ཀུང་སིས་ད་བར་ཕྲན་ཚེགས་ཁེ་ལས་ཁྱོན་400ལྷག་ཙམ་བདེ་བླག་ངང་སྐྱོང་གསོ་བྱས་པར་ཁེ་བཟང་སྒོར་ཁྲི་25ལྷག་ཙམ་རག་ཡོད།
སློབ་གྲྭ་ཐོན་མ་ཐག་གྲུབ་འབྲས་འདི་འདྲ་ཐོབ་པའི་མན་ངག་གང་དུ་ཡོད་དམ་ཟེར་ན།
དེའི་ལན་གཅིག་བྱས་ན་ཁོང་གི་སློབ་ཆེན་འགྲིམ་རིང་ལོ་གསུམ་གྱི“འགྲན་བསྡུར་གྱི་ཉིན་རེའི་རེའུ་མིག”ནང་ནས་མངོན་པ་སྟེ། 2023ལོར་ཀྲུང་གོའི་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་འགྲན་བསྡུར་ཆེན་པོའི་རྒྱལ་ཡོངས་ཀྱི་སྤྱིའི་མཐའ་བསྡུར་ལ་ཞུགས་ནས“གསེར་གྱི་བྱ་དགའ”བླངས་པ་དང་། ལོ་དེ་རང་དུ“དྲ་སྦྲེལ+སློབ་གྲྭ་ཆེ་མོ་བའི་གསར་གཏོད་ལས་གཏོད”ཀྱི་འགྲན་བསྡུར་ཆེན་པོ་སྐབས་9པའི་བོད་རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་བསྐྱར་མར་ཞུགས་ནས“དངུལ་གྱི་བྱ་དགའ”བླངས་པ། 2024ལོར་འགྲན་སློང་བུམ་པ་སྐབས་བཅུ་བཞི་པའི་ཆིན་ཁྲོང་ཡོན་གྱི་ཀྲུང་གོའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་འཆར་གཞིའི་འགྲན་བསྡུར་གྱི་འགྲན་བསྡུར་གཙོ་བོའི་རྒྱལ་ཡོངས་ཀྱི་སྤྱིའི་མཐའ་བསྡུར་ལ་ཞུགས་ནས“གསེར་གྱི་བྱ་དགའ”བླངས་པ་ལ་སོགས་ཀྱི་མཚན་སྙན་རབ་དང་རིམ་པ་རག་ཡོད།
2024ལོའི་ཟླ་4པར། སློབ་གྲྭ་ཐོན་ནས་རྩོད་རྒྱུགས་མཇུག་འགྲིལ་མ་ཐག་པའི་པད་མ་ཚེ་བརྟན་ཀྲི་ཡོན་ཧུའེ་ཀུའུ་ཡི་དངོས་སྦྱོང་ལས་གནས་སུ་ཞུགས། དངོས་སྦྱོང་ཡིན་ཞེས་བརྗོད་ཀྱང་དོན་དམ་དུ་དེ་ནི“ལས་གནས་སུ་འཚོ་གནས་བྱེད་པའི་དམིགས་བསལ་སྦྱོང་བརྡར”ཞིག་དང་དེ་བས་འདྲ་སྟེ། འགྲེམས་པང་སྒྲིག་སྐབས་ལག་པར་ཆུ་ལྒང་ཐོན་པ་དང་། ལས་ཡུལ་དུ་ལས་ཀ་བྱེད་སྐབས་ལྷམ་མཐིལ་འདམ་བག་གིས་འཚོས་པ། མཚན་དགུང་གི་ཆུ་ཚོད་3པར་ཡང་གློག་ཀླད་མདུན་དུ་ཁེ་ལས་ཀྱི་འོས་ཐོབ་ལ་ཞིབ་བསྡུར་བྱེད་པ་སོགས་ཀྱི་ལས་ཀ་མང་པོ་ཡོད།
2024ལོའི་ཟླ་8པར། བོད་ལྗོངས་སཱ་མཱ་ཚན་རྩལ་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་ཁེ་ལས་དེ་སྐྱོང་གསོའི་འཁོར་འབྲེལ་ཧྲིལ་པོར་ཞབས་འདེགས་ཞུ་བའི་ལས་ཁུངས་སུ་གཏན་འཁེལ་བྱས།
སློབ་གྲྭ་ཐོན་མ་ཐག་ལས་གཏོད་བྱེད་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་པད་མ་ཚེ་བརྟན་གྱིས་དེའི་ཁྲོད་ནས་གོ་སྐབས་མཐོང་བ་སྟེ། ཁེ་ལས་གསར་པས་ཁེ་ལས་ཐོ་འགོད་དང་། འོས་ཐོབ་ཞིབ་བཤེར། སྲིད་ཇུས་འབྲེལ་མཐུད་བཅས་ཀྱི་རྙོག་དྲ་ཆེ་བའི་ལས་ཀ་བྱེད་སྐབས་རྒྱུན་དུ་བརྒྱུད་རིམ་རྙོག་འཛིང་ཆེ་བ་དང་ཆ་འཕྲིན་འགྲིག་མིན་དབང་གིས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད། འོན་ཀྱང་ཁོང་གིས་དངོས་སྦྱོང་བྱེད་རིང་འགྲོ་ལུགས་དེ་དག་གཉེར་ཐབས་ཤེས་ཡོད།
མིག་སྔའི་བར་ཀུང་སིས་ཕྲན་ཚེགས་ཁེ་ལས་400ལྷག་ཙམ་བདེ་བླག་ངང་སྐྱོང་གསོ་བྱས་པར་ཁེ་བཟང་སྒོར་ཁྲི་25ལྷག་ཙམ་རག་པས། དཀའ་སྤྱད་འབད་བརྩོན་བྱས་པར་འབྲས་བཟང་ཐོབ་ཡོད།
“ང་ཚོའི་བོད་དུ་ལྷད་མེད་ཀྱི་ཅ་དངོས་ཧ་ཅང་མང་པོ་ཡོད། སྲོལ་རྒྱུན་གྱི་རིན་ཐང་ཆེ་བའི་བདེ་སྲུང་ཐོན་རྫས་ཀོ་ཤའི་རིམས་འགོག་ནུས་པ་ཆེ་རུ་གཏོང་བ་དང་ལུས་པོའི་ནུས་པ་སྙོམས་སྒྲིག་བྱེད་པ་སོགས་ཀྱི་ཕན་ནུས་ལ་ཁས་ལེན་ཆེན་པོ་ཐོབ་ཡོད། འོན་ཀྱང་ཁྲོམ་རའི་ཐོན་རྫས་ཀྱི་རྣམ་པ་དུས་ཡུན་རིང་པོར་ཕྱེ་མ་བཟོས་ནས་ཐུམ་སྒྲིལ་རྒྱག་པའི་རྣམ་པ་རྐྱང་པར་གནས་པས་སྟབས་བདེ་ལ་སྣ་མང་ཅན་གྱི་འཛད་སྤྱོད་པའི་དགོས་མཁོ་གཏན་ནས་སྐོང་ཐབས་བྲལ་ཡོད”ཅེས་པད་མ་ཚེ་བརྟན་གྱིས་གསར་འགོད་པར་བཤད།
པད་མ་ཚེ་བརྟན་གྱིས་དཀའ་གནད་དེ་དག་གནད་ལ་འཁེལ་བའི་སྒོ་ནས་ལས་གཏོད་རྣམ་གྲངས་ཀྱི་སྲོག་ཤིང་དུ་འགྱུར་བར་བྱས་ཡོད། ཚོགས་པས་ཞིང་དུད་ཀྱི་ལག་ནང་གི་ཀོ་ཤ་གསར་པ་ཉོས་རྗེས་འཁོར་འབྲེལ་ཧྲིལ་པོའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་མ་ལག་འཛུགས་རྩིས་ཡོད་པ་རེད། “ཚད་ལྡན་ཅན་གྱི་པགས་ཤུད་ལག་རྩལ་བརྒྱུད་ཀོ་ཤ་སོས་ཉར་གང་ཐུབ་བྱེད་པ་མ་ཟད། ང་ཚོས་ད་དུང་དེང་རབས་ཀྱི་སྨན་རྫས་བཟོ་རྩལ་ནང་འདྲེན་བྱས་ནས་འཁྱེར་བདེའི་སྤྱིན་ཐུམ་སྨན་རིགས་དང་ཐད་ཀར་མུར་ཆོག་པའི་སྨན་ལེབ་གསར་སྤེལ་བྱས་ཏེ། ས་མཐོའི་དམིགས་བསལ་ཐོན་རྫས་དེ་བས་ཕུན་སུམ་ཚོགས་པའི་རྣམ་པའི་ཐོག་ནས་དེང་རབས་ཀྱི་འཚོ་བའི་ནང་སྤྱོད་ཐུབ་པར་བྱེད་ཀྱི་ཡོད”ཅེས་པད་མ་ཚེ་བརྟན་གྱིས་བཤད།
(རིག་རྡོར་གྱི་བསྒྱུར། བསྟན་བཟང་དང་རིག་རྡོར་གྱིས་ཞུས)