《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ཁྲིམས་སྐྱོང་ལམ་ནས་བདེ་སྐྱིད་འཚོ་བ་གཏོད། ལྷག་བསམ་བཅངས་ནས་དུས་བདེའི་ཡར་ཀླུང་སྲུང་།

—— ལྷོ་ཁ་གྲོང་ཁྱེར་གྱི་དུས་བདེ་ཁྲིམས་སྐྱོང་འཛུགས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་ས་གཞི་ཆེན་པོར་ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་དུས་བདེ་དང་ཁྲིམས་སྐྱོང་འཕེལ་རྒྱས་ཀྱི་རྨང་གཞི་དང་དམངས་འཚོའི་གནད་འགག་ཏུ་བརྩི་ཡི་ཡོད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པར་བརྟེན་ནས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ་དང་། ཁྲིམས་སྐྱོང་གི་བསམ་གཞིག་ལ་བརྟེན་ནས་བཅོས་སྐྱོང་གི་དཀའ་གནད་སེལ་བ། དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་ལ་དྲོ་སྐྱིད་སྦྱིན་པས། “དུས་བདེའི་ཀྲུང་གོ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར”གྱི་གཟི་བརྗིད་རྒྱུན་མཐུད་ཐུབ་པ་མ་ཟད། མང་ཚོགས་ཀྱི་བདེ་འཇགས་དང་བློ་ཡིད་ཚིམ་ཚད་99%ཡན་དུ་རྒྱུན་འཁྱོངས་བྱས་ཏེ། ཡར་ཀླུང་གི་དམངས་འཚོའི་ཡིད་དབང་འཕྲོག་ཤོས་ཀྱི་མཆན་འགྲེལ་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་གཏན་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་གཙོ་གནད་མི་ཚོགས་ཀྱི་དོ་དམ་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཚོགས་འདུ་གལ་ཆེན་དང་བྱེད་སྒོ་གལ་ཆེན་གྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ལས་འགན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་པ། དུས་བདེ་འཛུགས་སྐྱོང་མུ་མཐུད་ཟབ་ཏུ་བཏང་ནས་རྒྱུན་གཏན་རང་བཞིན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་ལ་སྐུལ་འདེད་བཏང་བ་དང་། རྐུ་འཕྲོག་མགོ་སྐོར་དང་། བཟའ་བཅའ་དང་སྨན་རྫས། འཆལ་རྒྱན་དུག་གསུམ་སོགས་མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་ཉེས་དོན་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་19.3%ཉུང་དུ་ཕྱིན་པ་དང་གློག་འཕྲིན་ཁ་བསླུས་ཀྱི་ཉེས་གསོག་གྲངས་འབོར་དང་རྒྱུ་ནོར་གྱི་གྱོང་གུན་གྲངས་འབོར་མུ་མཐུད་ཉུང་དུ་ཕྱིན་ཡོད།

འགལ་བ་གཞི་རིམ་ནས་གཞི་ལྷོད་དུ་བཏང་ཚེ་དུས་བདེ་གཞི་ནས་གཞི་རིམ་དུ་རྩ་བ་ཚུགས་ཐུབ། འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་འགལ་བ་དང་རྩོད་གཞི་ཁག་1770ཞིབ་བཤེར་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག “ཏང་འཛུགས་སྐྱོང་དང་། གྲངས་འཛིན། དྲ་མིག”བཅས་ཟུང་དུ་འབྲེལ་བའི་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་དྲ་མིག་1590ལེགས་སྒྲིག་དང་ལེགས་སྒྱུར་བྱས་པ་དང་། ཆེད་ལས་དང་ལས་འགན་གཅིག་ལྕོགས་ཀྱི་དྲ་མིག་པ2324བཀོད་སྒྲིག་ལེགས་པོ་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི“དྲ་མིག་གཅིག་དང་ཉེན་རྟོག་པ་གཅིག”ཟུང་འབྲེལ་དང་ཞིང་འབྲོག་ཁུལ་གྱི“གྲོང་ཚོ་གཅིག་དང་ཉེན་རྟོག་པ་གཅིག”ཟུང་འབྲེལ་གྱི་རྣམ་པ་ཡོངས་སུ་ཁྱབ་ཐུབ་པ་བྱུང་བ་མ་ཟད། འདི་ལོའི་ཟླ་བ་ལྔ་པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་སྔོན་ལ་ལེགས་གྲུབ་བྱུང་ནས། གཞི་རིམ་བཅོས་སྐྱོང་ལ་ཤུགས་ཚད་ཡོད་ལ་དྲོད་ཚད་ཀྱང་ལྡན་པར་བྱས་ཡོད།

སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་འཛུགས་སྐྱོང་དེ་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་གི་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ཐད་སྲིད་གཞུང་དང་ཁྲིམས་ཁང་མཉམ་འགུལ་གྱི་ལམ་སྲོལ་བཙུགས་ནས། སྲིད་འཛིན་རྩོད་གཞི་ངོ་བོའི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཁྲིམས་འཛིན་དྲང་གཞག་འགན་སྲུང་བྱེད་པའི་ཐད་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འདི་ལོ་ནས་བཟུང་ཁྲིམས་སྒྱུར་ཁྲིམས་འཛིན་གྱོད་གཞི་261ལ་དཔྱད་ཞིབ་བྱས་ནས་གྱོད་གཞི་ཚང་མར་ཞིབ་བཤེར་གྱི་ཚོད་བགམ་ཐེག་ཐུབ་པར་བྱས་པ། བཅའ་ཁྲིམས་ཞབས་ཞུ་ལེགས་སུ་གཏོང་བའི་ཐད་འཁོར་རིགས་དོ་དམ་དང་། ཐེམ་ཐོ། རྒྱལ་མཚམས་འཛུལ་སྒྲོལ་སོགས་ཀྱི་ལས་སྒོ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བས། འབྲེལ་ཡོད་ལས་སྒོ་སྒྲུབ་ཚད་དུས་མཚུངས་ལས་རྒྱུན་མཐུད་འཕར་བ་དང་སྣུམ་སྣོན་ས་ཚིགས་ཀྱི་བདེ་འཇགས་དོ་དམ་ལེགས་སུ་གཏོང་བའི་སྒྱུར་བཅོས་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད།

ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“དོན་ཚན་22”དོན་འཁྱོལ་བྱས་ཏེ། ཁྲིམས་ལྟར་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འདྲ་མཉམ་ངང་སྲུང་སྐྱོང་བྱས་ནས་གཙོ་གནད་རྣམ་གྲངས་དང་ལས་གྲྭ་གལ་ཆེན་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་པ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཐད། ཞིབ་དཔྱོད་ལས་ཁུངས་ཀྱིས“ཆུ་དཔོན་དང་། མཚོ་དཔོན། ནགས་དཔོན་བཅས་དང་། ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན”བཅས་ཟུང་དུ་འབྲེལ་བའི་མཉམ་ལས་ལམ་སྲོལ་བཙུགས་ནས། ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གྱོད་དོན་ལ“ཕྱིར་མིག་བལྟས་པ”དང་། སྤྱི་བདེ་ལས་ཁུངས་ཀྱིས་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་བ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་བཏང་བ་བཅས་བྱས་པ་བརྒྱུད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཁྲིམས་སྐྱོང་འགན་སྲུང་བརྟན་པོ་བྱས་པ། གྲོང་གསེབ་དར་རྒྱས་གཏོང་བར་རོགས་རམ་བྱེད་པའི་ཐད། སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཆ་སྒྲིག་རོགས་རམ་བྱེད་པ་དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་ཡོད།

(བདེ་དབང་གིས་སྒྱུར་ཞུས་བྱས)