《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ཏང་འཛུགས་གྲུ་གཡོར་མཐོན་པོར་བསྒྲེངས། གངས་ལྗོངས་ས་མཐོས་ལེའུ་གསར་བརྩམས།

“ལོ་ལྔ་ཚན་བཅུ་བཞི་པའི”བརྗིད་ཆེའི་རྒྱང་ལམ་ཐོག་གངས་ལྗོངས་ས་མཐོས་ངོ་མཚར་གྱི་ལེའུ་གསར་པ་བརྩམས། ལོ་5ཡི་རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྔར་བས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྟོན་ཕྱོགས་ཁ་གསལ་དང་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྟོབས་ཤུགས་ཆེན་པོ་བསྣན་ཡོད།

རྩ་སྲ་རྨང་བརྟན།

གཞི་རིམ་ཏང་རྩ་འཛུགས་ཀྱིས“དོན་འཁྱོལ་ལ་དམ་འཛིན་བྱེད་པའི”ཁྲོད་གསོན་ཤུགས་གསར་པ་མངོན་པ།

“དེ་སྔ་ང་ཚོའི་ཤང་གི་གྲོང་ཚོ་ཁག་གི‘ཨུ་ལྷན་གཉིས’ཚན་ཁག་གི་ཁོངས་མིའི་ལོ་ན་ཆེ་ཙམ་ཡོད་པས་བསམ་བློ་རྒྱ་ཆེན་པོ་དེ་ཙམ་མེད” གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིས“ལས་བྱེད་པ་གདམ་གསེས་དང་།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)གསོ་སྦྱོང་སྤེལ་རེས། ལག་ལེན་སྦྱོང་བརྡར་སོགས་ཀྱི་བྱ་ཐབས་བརྒྱུད་ཚན་ཁག་གི་གྲུབ་ཆ་ལེགས་སུ་བཏང་བས། ད་ཆའི་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གི་ཁོངས་མི་ཡོངས་ཁྱབ་ངང་ན་གཞོན་ཅན་དུ་གྱུར་པ་མ་ཟད། བསམ་རྒྱ་དང་མཐོང་རྒྱ་ཡང་ཆེ་རུ་ཕྱིན་ཡོད”ཅེས་དྲན་གསོ་བྱེད་བཞིན་བཤད།

གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་སྲིད་སྐྱོང་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། རང་ལྗོངས་ཀྱིས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོ་བཙུགས་ཏེ། གཙོ་གནད་གཤམ་སྒྱུར་དང་། སྟོབས་ཤུགས་གཤམ་སྐྱོད། འགན་སྲུང་གཞི་རིམ་ལ་ཕྱོགས་པ་བཅས་མཐའ་འཁྱོངས་ཀྱིས“དོན་འཁྱོལ་ལ་དམ་འཛིན་བྱེད་པའི”ཁྲོད་གཞི་རིམ་ཏང་རྩ་འཛུགས་རེ་རེ་བཞིན་བོད་སྐྱོང་བོད་བརྟན་བོད་དར་གྱི་སྲ་ཞིང་བརྟན་པའི་འཐབ་འཛིང་མཁར་རྫོང་ཞིག་ཏུ་བསྐྲུན་ཡོད།

གྲོང་སྡོད་ཀྱི་བྱེད་ཐབས་གསར་གཏོད་བརྒྱུད་ལྗོངས་ཡོངས་སུ“རྫོང་རེར་གྲོང་སྡོད་ཀྱི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་རེ་དང་། ཤང་རེར་གནས་སྐབས་ཏང་ཀྲི་པུའུ་རེ། གྲོང་ཚོ་རེར་ཧྲུའུ་ཅི་དང་པོ་རེ”བཅས་ཀྱི་ལས་ཀའི་མ་ལག་བཙུགས་པས་གྲོང་སྡོད་ལས་བྱེད་པའི་འགན་འཁྲི་དེ་བས་ཁ་གསལ་བ་མ་ཟད། དོ་དམ་དཔྱད་ཞིབ་དེ་བས་ཚན་རིག་དང་མཐུན་ཡོད། གྲོང་ཚོ་དང་གྲོང་ལྷན་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཧྲུའུ་ཅི་དང་པོ་ལེགས་སྒྲིག་དང་སྟོབས་ཆེར་བཏང་བས་རྩ་སྲ་རྨང་བརྟན་གྱི་ལས་དོན་ལ“རྟེན་ས”བྱུང་ཡོད། ཏང་འཛུགས་སྐྱོང་གིས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་བྱེད་ཐབས་21དེ་གནད་ལ་འཁེལ་བའི“ཨར་ལས་འཆར་འགོད”དང་འདྲ་བར་གྲོང་རྡལ་ཁྲོམ་གཞུང་དུ་སྒྱུར་བཀོད་དང་། གྲོང་ཚོ་སྡེ་ཁུལ་དུ་སྒྱུར་བཀོད། དྲ་རྒྱ་ལེགས་གཏོང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གནད་དོན་གཞི་རིམ་དུ་ཡོད་པ་དང་ཐོན་མ་ཐག་ནས་ཐག་གཅོད་ནུས་ལྡན་བྱུང་ཡོད།

བོད་འདི་ས་རྒྱ་ཆེ་ལ་མི་འབོར་ཉུང་བས་ཏང་གི་རྩ་འཛུགས་ཁྱབ་རྒྱུ་འགན་ལེན་བྱ་རྒྱུ་ནི་བརྗོད་གཞི་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགག་རྩའི་གནས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྟོང་ཆ་མེད་པ་བཟོ་བ་དང་ཁྱབ་རྒྱ་ཆེ་རུ་བཏང་ཡོད། རྒྱལ་ལམ་318ལམ་རྒྱུད་ཀྱི་བྲེལ་འཚུབ་ཆེ་བའི་ཞབས་ཞུའི་ཁུལ་ཡིན་ནའང་འདྲ་ཡང་ན་ཐག་རིང་ལུང་ཁུག་གི་ཕྱུགས་འཚོ་ས་ཡིན་ནའང་འདྲ་ཏང་གི་རྩ་འཛུགས་མ་ལག་རྒྱུན་ཆད་མེད་པར་སྣུར་སྲིང་དང་ཏང་གི་ལས་དོན་གང་སར་ཁྱབ་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་མི་སེམས་སུ་ཟུག་རྒྱུའི་འགན་ལེན་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་ཐུབ་ཡོད།

བློ་སྦྱོང་མཐུན་སྦྱོར།

“སྤྱོད་ཚུལ་ལེགས་གཏོང”ཁྲོད་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་མཆོང་སྐྱོད་གསར་པ་བྱུང་བ།

“དབྱིངས་ཞུགས་རྣམ་པའི་ཏང་གི་སློབ་ཚན་གྱིས་ང་ཚོས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་གོ་བ་དེ་བས་གཏིང་ཟབ་ལེན་ཐུབ་སོང”ཞེས་ལྷུན་གྲུབ་ཞིང་རའི་ས་གནས་ས་ཐོག་གི་སློབ་ཁྲིད་ནང་ཞུགས་མཁན་ན་གཞོན་ཏང་ཡོན་སྒྲོལ་དཀར་གྱིས་དེ་ལྟར་བཤད། རང་ལྗོངས་ཀྱིས“ཏང་གི་སློབ་ཚན་འཁྲིད་འགོ་ཚུགས་པའི”བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་ཏེ་ཏང་གི་སློབ་ཚན་དེ“སློབ་ཁྲིད་རྣམ་པ”ནས“ཉམས་ལེན་རྣམ་པར”འགྱུར་བ་བྱས་པས། ཏང་གི་སློབ་ཚན་གྱི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད།

ཏང་ཡོན་ནི་ཏང་གི་ལུས་ཟུང་གི་ཕྲ་ཕུང་ཡིན་ཞིང་། རང་ལྗོངས་ཀྱིས་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པ་དེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྨང་གཞིའི་འདུ་འགོད་ཅིག་ཏུ་བརྩིས་ནས་དད་སེམས་བརྟན་པ་དང་། བྱང་ཚད་མཐོ་བ། སྒྲིག་ཁྲིམས་ནན་པ། ནུས་པ་འབུར་ཐོན་བཅས་ཀྱི་ཏང་ཡོན་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱས་ཡོད། “བོད་ཀྱི་ཏང་ཡོན་སློབ་གསོའི”དྲ་ཚིགས་ཐོག་གི་ཆེད་དོན་ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་དུས་ཐོག་ཏུ་གསར་བརྗེས་བྱས་པས་ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་ལྟ་ཐུབ་པའི“དྲ་ཐོག་སློབ་ཚན”ཞིག་ཏུ་གྱུར་ཡོད། “བོད་ཀྱི་གདོང་ལེན་པའི”སྐད་འཕྲིན་སྤྱི་རྟགས་ཀྱིས་གཟའ་འཁོར་རེར་བཏོན་པའི་སྲིད་ཇུས་གསལ་འགྲེལ་དང་། ཏང་གི་སློབ་ཚན་གྱི་དཔྱད་གཞི། སྔོན་ཐོན་དཔེ་མཚོན་བཅས་ཀྱིས་ཏང་ཡོན་གྱི་བསམ་བློའི་གོ་རྟོགས་མཐོ་རུ་བཏང་ཡོད།

ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཞིང་། 2024ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ཏང་ཡོན་ཁྲི་47.04ཡི་ཁྲོད་བུད་མེད་ཏང་ཡོན་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན། སློབ་རྒྱུས་མཐོ་བའི་ཏང་ཡོན། ན་གཞོན་ཏང་ཡོན་བཅས་ཀྱི་བསྡུར་ཚད་རྒྱུན་མཐུད་མང་དུ་ཕྱིན་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་གྱིས་བསྡུར་ཚད་ངེས་ཅན་བཟུང་ཡོད་པ་དེས་ཏང་ཡོན་དཔུང་ཁག་ལ་དེ་བས་མཚོན་བྱེད་རང་བཞིན་དང་གསོན་ཤུགས་ལྡན་པ་མཚོན་གྱི་ཡོད།

དིང་རིའི་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་གདོང་མཆོང་བྱེད་མཁན་ཏང་ཡོན་ཁྲི་2ལྷག་ཙམ་ནས་རྒྱུན་གཏན་སྡེ་ཁུལ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དྲ་རྒྱའི་ཐོག་དྲང་ནུས་བརྒྱུད་སྤེལ་བྱེད་མཁན་ཏང་ཡོན་བར། ཚང་མས་བྱ་སྤྱོད་ངོ་མའི་ཐོག་ནས“ཏང་ཡོན་གཅིག་ནི་དར་ཆ་གཅིག་ཡིན་པ”གསལ་འགྲེལ་བྱས་ཡོད།

བཟང་བསྟོད་ངན་སྨད།

“ཚད་གཞི་ནན་པའི”འོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ།

“ད་ཐེངས་ཀྱི་ཉེན་བརྡའི་སློབ་གསོས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་རང་སྐྱོང་ལྗོངས་ཀྱིས་སྒྲིག་འཛུགས་བྱས་པའི་སྲིད་གཙང་སློབ་གསོའི་བྱེད་སྒོའི་ནང་ཞུགས་རྗེས་ལྗོངས་ཐད་གཏོགས་ཚན་པའི་འགན་འཁུར་བ་ཞིག་ལ་དེ་ལྟ་བུའི་མྱོང་ཚོར་ཟབ་མོ་བྱུང་ཡོད། ལོ་མང་རིང་རང་ལྗོངས་ཀྱིས་སྒྲིག་ཁྲིམས་སློབ་གསོ་དེ་རྒྱུན་གཏན་དུ་ཁྱབ་པ་དང་རྒྱུན་དུ་ནས་དམ་འཛིན་མཐའ་འཁྱོངས་ཀྱིས་གྱོད་དཔེ་སློབ་ཁྲིད་དང་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་ཡོན་ལས་བྱེད་པའི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།

སྤྱོད་ཚུལ་འཛུགས་སྐྱོང་མཚམས་མེད་རྒྱུན་སྒྲུབ་ཡིན་ཞིང་། རང་ལྗོངས་ཀྱིས་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་དུ་འཇོག་པ་མཐའ་འཁྱོངས་ཀྱིས་ཚད་གཞི་ནན་པོ་དང་བྱ་ཐབས་ནན་པོའི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་ནན་པོ་བྱས་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

བསམ་བློའི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་ཆེད་རང་ལྗོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཏང་གི་སྒྲིག་ཡིག་དང་ཏང་སྲོལ་ཏང་ཁྲིམས་བཅས་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཡུན་རིང་གི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་ལག་བསྟར་ཞིབ་ཚགས་བྱེད་པར་དམ་འཛིན་ནན་པོ་བྱས་ཏེ། ཏང་ཡོན་ལས་བྱེད་པར་གུས་སྐྲག་ཤེས་པ་དང་། དོགས་ཟོན་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད། དྲ་ཐོག་སློབ་ཁྲིད་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་སྟབས་བསྟུན་གྱི་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་ལས་སྒྲིག་ཁྲིམས་སློབ་གསོ་དེ་བས་སེམས་ནང་ཟུག་པར་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རུལ་འགོག་འགྱུར་ཟོན་གྱི་བསམ་བློ་བརྟན་དུ་བཏང་ཡོད། དག་ཐེར་དོན་འཁྱོལ་ཐད“མིག་སྔར་ཡོ་བསྲང”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཞིབ་ཕྲའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་དེ་བས་སྣང་ཆེན་བྱས་ནས་གནད་དོན་བསྐྱར་དུ་མི་ཐོན་པ་བྱས་ཡོད། མཁྲེགས་སར་གཏུག་པ་དང་དམ་འཛིན་མཐར་ཕྱིན་བྱེད་པའི་སྤྱོད་ཚུལ་དེ་རིགས་ལས“དོན་འཁྱོལ་ལ་དམ་འཛིན་བྱེད་པའི”ཆོད་སེམས་དང་སེམས་ཤུགས་བརྟན་པོ་མཚོན་ཡོད།

སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་མངོན་ཞིང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས“སྐར་ཁུང་གཅིག་ནས་བདག་སྤྲོད་བྱེད་པའི”ཞབས་ཞུའི་རྣམ་པ་ཁྱབ་གདལ་བཏང་བས་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། “ད་ལྟ་ལག་ཁྱེར་གཉེར་བར་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པས་དངོས་གནས་སྟབས་བདེ་པོ་འདུག”ཅེས་ཁེར་རྐྱང་བཟོ་ཚོང་དུད་ཚང་ཚེ་རིང་གིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

དེ་དང་ཆབས་ཅིག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁུར་བ་དང་པོའི་འགན་འཁྲི་དང“གནས་གཅིག་འགན་གཉིས”ལག་བསྟར་ནན་ཏན་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གིས་རང་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།

(བསོད་ནམས་བདེ་སྐྱིད་གཞོན་པ་དང་ཚེ་ཁོས་སྒྱུར་ཞུས་བྱས)