2024ལོར་མེ་ཏོག་རྫོང་སྤང་ཞིང་ཤང་གི་དུད་ཚང་294ཡི་མི་1248ཁག་དབྱེ་ནས“གཡང་གཟར་རྟ་ལམ”དུ་ཆགས་པའི་གྲོང་ཚོ་རྙིང་པ་ནས་མེ་ཏོག་རྫོང་ཞི་གོང་དུ་སྤོས་ཤིང་། ལོ་གཅིག་གི་རིང་། སྤང་ཞིང་ཤང་གིས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་དམིགས་ཚད་དུ་བཟུང་སྟེ། ཐོན་ལས་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་པ་སྟེ། པུ་ཤེལ་ཙེའི་སྐྱེ་འཚར་བཟང་པོ་ཡོད་པ་དང་། སྦྲ་གུར་སྒར་ས་སོགས་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཡོད།
སྤང་ཞིང་ཤང་གི་པུ་ཤེལ་ཙེ་འདེབས་འཛུགས་ཐོན་ལས་གླིང་དུ་སྐྱོད་སྐབས། ལོ་ཕྱེད་ཙམ་གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད། པུ་ཤེལ་ཙེའི་ལྗང་སོན་རྒྱ་མ་ཁྲི་5.6དག་སྔོ་ཐིང་ཐིང་གི་པུ་ཤེལ་ཙེའི་ཚང་ཚིང་དུ་གྱུར་ཞིང་། འདེབས་འཛུགས་ཐོན་ལས་གླིང་གི་འགན་འཁུར་བ་ལིན་ཀྲང་མའོ་ཡིས“ང་ཚོའི་པུ་ཤེལ་ཙེའི་འདེབས་འཛུགས་ཐོན་ལས་དེ་2025ལོའི་ཟླ་5པར་སྤང་ཞིང་ཤང་དུ་འཕེལ་རྒྱས་གཏོང་འགོ་བཙུགས་པ་ཡིན། རྟེན་གཞིའི་ས་ཁྱོན་ལ་མུའུ་101.40ཟིན་པ་དང་། སྔོན་དཔག་བྱས་ན། ཕྱི་ལོའི་དཔྱིད་གསར་དུས་ཆེན་རྗེས་སུ་ཐེངས་དང་པོ་འཐུ་རྒྱུ་ཡོང་བ་དང་། ཐོན་འབབ་ཧ་ལམ་རྒྱ་མ་ཁྲི་1ནས་ཁྲི་2ཟིན་རྒྱུ་རེད”ཅེས་ངོ་སྤྲོད་བྱས།
ཐོན་ལས་འཕེལ་རྒྱས་བརྟན་པོ་ཕྱིན་ནས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཅིང་། རྣམ་གྲངས་ཀྱི་དུས་འགོར་སྤང་ཞིང་ཤང་གི་ཞིང་འབྲོག་པ་300ལྷག་ཙམ་འདེབས་འཛུགས་ལས་མིར་བསྡུས་ནས་ངལ་ལས་གླ་ཆ་སྒོར་ཁྲི་90ཙམ་སྤྲད་ཡོད། དུས་མཇུག་གི་དོ་དམ་གཡོག་བྱེད་རྒྱུག་སྐབས་མང་ཚོགས་9ལ་ཡུན་རིང་གི་ལས་ཞུགས་ལས་གནས་མཁོ་འདོན་བྱས་པས་སྒོ་འགྲམ་དུ་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད། སྤང་ཞིང་གྲོང་ཚོའི་ཡུལ་མི་སྒྲོལ་མས“ང་རང་འདི་གར་ཉིན་གླ་སྒོར་300ཡོད། ལག་རྩལ་སྦྱོང་ཐུབ་ལ། ཡོང་འབབ་ཀྱང་གསོག་ཐུབ་པ་མ་ཟད། ད་དུང་ཁྱིམ་ལ་ཡང་ལྟ་རྟོག་བྱེད་ཐུབ་པས། ཧ་ཅང་དགའ་པོ་འདུག”ཅེས་བརྗོད།
“ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་སྐུལ་འདེད་གཏོང་བ་དང་གྲོང་ཚོ་དང་ཁེ་ལས་མཉམ་ལས་བྱས་པའི་སྦྲ་གུར་སྒར་ས་དེས་ནགས་ཁྲོད་པུ་ཤེལ་ཙེ་འདེབས་འཛུགས་ཐོན་ལས་ལ་དམིགས་ནས། མེ་ཏོག་གི་མོན་ལྷོའི་རྡོ་ཁོག་བཟའ་བཏུང་རིག་གནས་དང་མཉམ་འདྲེས་བྱས་ཏེ་པུ་ཤེལ་ཙེའི་རྡོ་ཁོག་བྱ་ཤ་བཏོན་ནས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་འཕེལ་རྒྱས་བཏང་ཡོད། སྒར་ས་ནས་ས་གནས་དེ་གའི་ཞིམ་ཟས་ཀྱི་བྲོ་བ་མྱོང་ཐུབ་པ་ཕུད། ད་དུང་པུ་ཤེལ་རྩེ་འཐུ་བ་དང་། རྡོ་ཁོག་གི་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་ལ་ལྟ་སྐོར། མོན་པའི་སྒོར་གཞས་ལ་ལྟ་བ་སོགས་བྱེད་ཐུབ་ཀྱི་ཡོད”ཅེས་སྤང་ཞིང་ཤང་གི་ཤང་ཀྲང་གཞོན་པ་ཀྲང་ཤིན་མེ་ཡིས་བརྗོད།
སྦྲ་གུར་སྒར་ས་གཉེར་བའི་བརྒྱུད་རིམ་ནང་ས་གནས་དེ་གའི་བུད་མེད་མང་ཚོགས་ཞབས་ཞུ་དང་དོ་དམ་ལ་ཞུགས་སུ་བཅུག་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་སྟེ། ཁེ་ལས་དང་དམངས་ལ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཤིང་། གཙོང་རོང་གྲོང་ཚོའི་ཡུལ་མི་ཀུན་དགའ་མཚོ་མོས“ང་ཚོའི་གྲོང་ཚོའི་མཉམ་སྡེབ་ཀྱི་སྦྲ་གུར་སྒར་སར་གྲོང་ཚོའི་བུད་མེད་ཚང་མ་ལས་ཀ་བྱེད་པ་དང་ཟླ་གཅིག་ལ་ཡོང་འབབ་སྒོར་5000ཡོད། ད་ཆ་ཡོང་འབབ་གསོག་ཐུབ་པ་མ་ཟད། ཕ་མར་ལྟ་རྟོག་དང་ཕྲུ་གུ་བསུ་སྐྱེལ་ཡང་བྱེད་ཐུབ་པས་དངོས་གནས་ཡག་པོ་འདུག”ཅེས་བརྗོད།
པུ་ཤེལ་རྩེར་བརྟེན་ནས་ཡོང་འབབ་བྱུང་བ་དང་། སྦྲ་གུར་ནང་ཡུལ་སྐོར་བས་ཁེངས་ཤིང་། ད་ཆ་སྤང་ཞིང་ཤང་གིས་ལྷན་སྦྱར་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་བཏང་བས། མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་པ་དང་། མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བྱུང་ཡོད་པ་རེད།