པར་འདི་གཉིས་ནི་ལྷ་ས་སྐྱིད་ཆུའི་འགྲམ་གྱི“ཆུ་བོ་སྲུང་སྐྱོང་ཚོགས་པས”གད་སྙིགས་སྒྲུག་བཞིན་པ།
ལྷ་ས་སྐྱིད་ཆུའི་ངོགས་སུ་ཞོགས་པའི་ཉི་གཞོན་ལམ་ལམ་དུ་འཚེར་བའི་སྐབས། སྐྱིད་ཆུའི་དམངས་ཁྲོད་ཆུ་དཔོན་དཔལ་ལྡན་དང་ཚོགས་མི་རྣམས་ཀྱིས་ཡོ་བྱད་བགོས་རྗེས་ཉིན་གཅིག་རིང་གི་གཙང་པོར་སྐོར་གཡེང་རྒྱག་པའི་འགོ་བཙུགས། ལོ་མང་རིང་དབྱར་ཁའི་ཚ་གདུག་དྲག་པོའི་ཁྲོད་དུ་ཡིན་ན་འདྲ། ཆར་དུས་ཀྱི་ཆར་པ་ཟམ་ཟིམ་ཡིན་ནའང་འདྲ། ཐ་ན་གྲང་ངར་ཆེ་བའི་དགུན་ཁའི་ཞོགས་པར་ཡང་ཁོང་ཚོ་དུས་ཐོག་ཏུ་རྒྱུས་མངའ་ཆེ་བའི་ཆུ་འགྲམ་དུ་སླེབས་སྲིད།
“ཆུ་བོ་འདི་ནི་ངའི་གྲོགས་པོ་རྙིང་པ་ལྟ་བུ་ཡིན། ང་དང་ཆུང་མ་དམངས་ཁྲོད་ཆུ་དཔོན་གྱི་གྲས་ཡིན་ལ། ང་ཚོའི་འགན་འཁྲི་ནི་མ་ཡུམ་གཙང་པོའི་དྭངས་གཙང་སྲུང་སྐྱོང་བྱེད་པ་དེ་ཡིན། ལས་ཀ་འདི་ལྟ་སྣང་ལ་མཛེས་པོ་མེད་ཀྱང་གཟི་བརྗིད་ལྡན་པ་ཞིག་རེད”ཅེས་དཔལ་ལྡན་གྱིས་བཤད་ཅིང་། གཟི་བརྗིད་ལྡན་པའི་ལས་ཀ་དེ་ནི་2019ལོར་དཔལ་ལྡན་དམངས་ཁྲོད་ཀྱི་ཆུ་དཔོན་དུ་གྱུར་བ་ནས་འགོ་ཚུགས་པ་དང་ཁོང་གི་ཤུགས་རྐྱེན་འོག་ཆུང་མ་བསྟན་འཛིན་ཆོས་སྒྲོན་ཡང་རང་འགུལ་ངང་དེའི་ནང་ཞུགས། “ལྷ་ས་སྐྱིད་ཆུར་སྲུང་སྐྱོང་བྱེད་པ་ནི་ཁོང་གཅིག་པུའི་ལས་ཀ་མིན་པར་ང་ཚོ་ཚང་མའི་འགན་འཁྲི་ཡིན། ངའི་ཁྱིམ་གྱི་སྒོ་རྩ་ནས་ཤང་ཤང་དུ་རྒྱུག་པའི་སྐྱིད་ཆུར་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ང་ཚོའི་འཚོ་བ་སྐྱིད་པོ་སྲུང་བ་དང་ཨ་ན་མ་ན་རེད”
གྲངས་གཞི་ལས་མངོན་པ་ལྟར་ན། 2018ལོའི་ཟླ་6པར་བོད་དུ་ཆུ་དཔོན་དང་མཚོ་དཔོན་གྱི་ལམ་ལུགས་ཕྱོགས་ཡོངས་ནས་བཟོས་ཤིང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ཁྲི་1.47དང་ཆུ་བོའི་སྐོར་ཞིབ་པ་ཁྲི་5.9ཡིས་རིམ་པ་དང་དུས་མཚམས་དབྱེ་ནས་དོ་དམ་སྲུང་སྐྱོང་གི་ལས་འགན་དོན་འཁྱོལ་བྱས་ཏེ། ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚོ་ཚང་མར་དོ་དམ་དང་། ལྟ་སྐྱོང་། སྲུང་སྐྱོང་བཅས་བྱེད་བཞིན་ཡོད།
ཉིན་རེར་ཆུ་བོར་སྐོར་གཡེང་ཐེངས་གསུམ་རེ་རྒྱག་པ་ནི་བཟའ་ཚོ་དེ་གཉིས་ཀྱི་ཁ་ཆད་འགྱུར་མེད་ཅིག་རེད། ཞོགས་པར། ཁོང་གཉིས་ཀྱིས་མཚན་མོར་ལྷགས་རླུང་གིས་སྤུངས་པའི་གད་སྙིགས་གཙང་སེལ་བྱེད་པ་དང་། ཕྱི་དྲོར་ཚ་གདུག་དྲག་པོའི་འོག་ཏུ་ཆུ་རྩེད་རྩེད་མཁན་གྲོང་མིར་ཁ་ཏ་བསླབ་བྱ་རྒྱག་པ་དང་ཆུ་ལམ་གྱི་སྒྲིག་ཆས་ལ་ཞིབ་བཤེར་བྱེད་ཀྱི་ཡོད། ས་སྲོས་སུ་ནུབ་ཁའི་མཚམས་སྤྲིན་དང་འགྲོགས་ནས་ཉིན་དེའི་ཆུ་བོ་སྐོར་གཡེང་གི་གནས་ཚུལ་ཟིན་ཐོར་བཀོད་དེ་ཤེས་རྟོགས་བྱུང་བའི་གནད་དོན་སྙན་སེང་ཞུ་གི་ཡོད། གཟའ་མཇུག་གམ་ཡང་ན་དུས་ཆེན་དང་གུང་གསེང་རིང་། སྐྱིད་ཆུའི་འགྲམ་དུ་གྲོང་མི་མང་དུ་ཕྱིན་ནས་གད་སྙིགས་ཇེ་མང་དུ་འགྲོ་བར་བརྟེན། ཁོང་གཉིས་སྔ་ས་ནས་རྡོག་ཐོན་བྱེད་པ་དང་ས་རུབ་དུས་གཞི་ནས་ཁྱིམ་དུ་ལོག་གི་ཡོད། “ཐང་ཆད་པ་ནི་ཤོད་མི་དགོས་ནའང་། ཆུ་ལམ་གཙང་མར་གྱུར་པ་མཐོང་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག”བསྟན་འཛིན་ཆོས་སྒྲོན་གྱིས་དཔྲལ་བའི་རྔུལ་ཆུ་ཕྱིས་པ་དང་ལག་ཏུ་བཟུང་བའི་གད་སྙིགས་ཁུག་མ་ཕྱེད་ཀ་ཡན་ཁེངས་འདུག
ཆུ་བོར་སྐོར་གཡེང་རྒྱག་པ་ནི“གད་སྙིགས་སྒྲུག་པ”ལྟ་བུའི་སྟབས་བདེ་ཞིག་གཏན་ནས་མིན། སྔོན་ཆད་ལྷ་ས་སྐྱིད་ཆུའི་རྒྱུད་དུ་གྱོན་གོས་རྙིང་པ་དང་། ཉལ་གདན། ཐ་མག་གི་རོ་ཏོ། ཐབ་ཚང་གི་གད་སྙིགས་སོགས་མང་པོ་མཐོང་རྒྱུ་ཡོད། གད་སྙིགས་ཁག་གཅིག་ཆུས་ཁྱེར་ནས་རྡོའི་གསེང་ལ་ལུས་པས་རེ་རེ་བཞིན་སྔོག་དགོས་ཀྱི་ཡོད། འབྲུབ་དུས་སུ་ཆུ་ཤུགས་ཆེ་བ་དང་ཆུ་འགྲམ་དུ་བཞའ་ཚན་ཆེ་བས་འགྲོ་ཁག་པོ་ཡོད་ཀྱང་ཁོང་ཚོས་ཉེན་ཁར་མི་འཛེམ་པར་ཆུ་རྩེད་རྩེད་མཁན་གྲོང་མིར་ཆུ་འགྲམ་དུ་ཉེན་ཁ་ཆེ་བའི་ཁ་ཏ་བྱེད་ཀྱི་ཡོད། “དབྱར་ཁའི་སྐབས་སུ་ཉིན་ལྟར་ཁ་ཏ་བྱེད་པར་ཡང་ཡང་འགྲོ་དགོས་པས་བྲེལ་བ་ཆེན་པོ་ཡོད། དགུན་ཁར་ཆུ་བོ་གྲང་ངར་ཆེ་བ་དང་ལྷགས་པ་ཆེ་བས་གད་སྙིགས་གང་བྱུང་དུ་ཁྱེར་ནས་གཙང་སྦྲ་བྱེད་ཁག་པོ་འདུག”ཅེས་དཔལ་ལྡན་གྱིས་བཤད།
ལོ་དྲུག་རིང་དཔལ་ལྡན་བཟའ་ཚོས་ལྷ་ས་སྐྱིད་ཆུའི་སྟོད་སྨད་གང་སར་བསྐྱོད་ནས་གད་སྙིགས་གཙང་སེལ་གྲངས་མེད་བྱས་པ་དང་གྲོང་མིར་ཆུ་འགྲམ་དུ་རྩེད་མོ་རྩེད་ན་ཉེན་ཁ་ཆེ་བའི་ཁ་ཏ་བསླབ་བྱ་ཐེངས་མང་བྱེད་མྱོང་། ད་ཆ་དང་བླངས་པའི་དཔུང་ཁག་དེ་ཐོག་མའི་མི་འགའ་ཤས་ནས་མི་བརྒྱ་ལྷག་ཙམ་བར་འཕེལ་རྒྱས་བྱུང་ཡོད། ཁོང་ཚོའི་ཤུགས་རྐྱེན་འོག་ལྷ་ས་སྐྱིད་ཆུར་སྲུང་སྐྱོང་བྱེད་པ་དེ་ལྷ་ས་བའི་རང་འགུལ་གྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ཚོང་པ་ཚོས་རང་འགུལ་ངང་སྒོ་ཁར“གད་སྙིགས་གང་བྱུང་དུ་གཡུགས་མི་ཆོག་པའི”དྲན་སྐུལ་བྱང་བུ་བསྒར་བ་དང་། ཁྱིམ་བདག་གིས་ཕྲུ་གུ་ཁྲིད་དེ་ཆུ་བོ་སྲུང་སྐྱོང་གི་བྱེད་སྒོར་ཞུགས་པ་དང་ཡུལ་སྐོར་བས་རང་འགུལ་ངང་རང་རང་གི་གད་སྙིགས་འཁྱེར་འགྲོ་གི་ཡོད་པ་རེད།
“ཐོག་མར་ཆུ་བོར་སྐོར་གཡེང་རྒྱག་སྐབས་ངས་ལྷ་ས་སྐྱིད་ཆུ་དེ་དྭངས་གཙང་དུ་འགྱུར་རེ་བྱེད་ཀྱི་ཡོད། ད་ལྟ་ངས་དྭངས་གཙང་དེ་མུ་མཐུད་རྒྱུན་འཁྱོངས་ཐུབ་ན་བསམ་གྱི་འདུག མི་དེ་བས་མང་བ་དམངས་ཁྲོད་ཆུ་དཔོན་དཔུང་ཁག་ལ་ཞུགས་ཏེ་མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད་པ་དེ་འཚོ་བའི་གོམས་གཤིས་སུ་འགྱུར་རྒྱུ་ནི་ངའི་བསམ་འདུན་ཆེ་ཤོས་ཡིན”ཞེས་དཔལ་ལྡན་གྱིས་བཤད།
བོད་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཚུན། རིམ་ཁག་ཆུ་དཔོན་དང་མཚོ་དཔོན་གྱིས་གཙང་པོར་སྐོར་གཡེང་ཐེངས་ཁྲི་ཡན་བརྒྱབ་པས་ཆུ་ལམ་དང་། མཚོ། ཆུ་མཛོད་སོགས་རྒྱུག་ཁོངས་སྣ་ཚོགས་ལ་སྐོར་གཡེང་བྱེད་མཁན་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྗོངས་ཡོངས་ཀྱི་ས་ངོས་ཆུའི་ཆུ་སྤུས་ལེགས་པའི་བཅད་ཁའི་བསྡུར་གྲངས་100%ཟིན་པ་དང་། ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚོ་གཙོ་བོ་དང་དེ་བཞིན་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཆུ་སྤུས་ལོན་ཚད་100%ཟིན་ནས་ཆུ་མོ་དྭངས་པ་དང་། ཆུ་ངོགས་ལྗང་བ། ཡུལ་ལྗོངས་མཛེས་པ་བཅས་ཀྱི་སྐྱེ་ཁམས་ཀྱི་མཛེས་པ་མངོན་འགྱུར་བྱུང་ཡོད།
2020ལོའི་དབྱར་ཁར་སློབ་གྲྭ་ཆེ་མོ་བ་མང་པོ་ཞིག་གིས་དཔལ་ལྡན་བཟའ་ཚོ་གཉིས་ཀྱིས་གཙང་པོར་སྐོར་གཡེང་རྒྱག་པ་མཐོང་ནས། རང་འགུལ་ངང་རོགས་རམ་བྱས་པ་དང་2021ལོར་སྡེ་ཁུལ་གྱི་ལས་དོན་པས་ཁོང་ཚོ་དང་འབྲེལ་བ་བྱས་ནས་དུས་བཀག་ལྟར་ཡུལ་མི་སྒྲིག་འཛུགས་བྱས་ཏེ་ཆུ་ལམ་གཙང་སེལ་ལ་ཞུགས་པ། 2022ལོར་གཅེས་སེམས་ཁེ་ལས་མང་པོས་གད་སྙིགས་སྒྲུག་བྱེད་སྐམ་པ་དང་། གད་སྙིགས་བླུག་སྣོད། སྐྱོབ་གོས་སོགས་དངོས་ཟོག་ཞལ་འདེབས་བརྒྱབ་པ་མ་ཟད། ད་དུང་དང་བླངས་རུ་ཁག་ཀྱང་བཙུགས་ནས་ལོ་ལྟར་སློབ་ཐོན་དུས་ཚིགས་སུ་སློབ་མས་རང་འགུལ་ངང་རོགས་རམ་བྱེད་པར་ཡོང་བ་ལ་སོགས། ད་ཆ་གཟའ་མཇུག་ཏུ་སླེབས་རིམ་བཞིན་ཡུལ་མིས་རང་འགུལ་ངང་ལྷ་ས་སྐྱིད་ཆུའི་འགྲམ་དུ་ཡོང་ནས་དམངས་ཁྲོད་ཀྱི་ཆུ་དཔོན་དང་མཉམ་དུ་གད་སྙིགས་སྒྲུག་པ་དང་ཆུ་ལམ་སྲུང་སྐྱོང་བྱེད་ཀྱི་ཡོད།
གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ཡུལ་ཕྱོགས་གཅིག་གི་ཆུ་མོར་སྲུང་སྐྱོང་བྱ་ཆེད། མིག་སྔའི་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་མཛེས་སྡུག་ལྡན་པའི་ཆུ་རྒྱུད་3དང་། རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་ལྡན་པའི་ཆུ་རྒྱུད་75 གྲོང་ཁྱེར་རིམ་པའི་མཛེས་སྡུག་ལྡན་པའི་ཆུ་རྒྱུད་153བཅས་བསྐྲུན་ཡོད། ཆུ་བོ་དང་མཚོའི་ངོགས་ཀྱི་བར་མཐོངས་ལ་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་བརྒྱབ་ཅིང་། ཡར་ཀླུང་གཙང་པོ་དང་འབྲི་ཆུ་སོགས་ཀྱི་ཆུ་བོ་དང་མཚོ་630ལ་དོ་དམ་ཁྱབ་ཁོངས་དབྱེ་བ་དང་། དེ་བཞིན་ཆུ་ངོགས་དང་མཚོ་ངོགས་289ལ་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད་ལས་དོན་སྤེལ་བས། ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚོའི་ངོགས་ཀྱི་སྲུང་སྐྱོང་ཁུལ་དང་སོར་འཇོག་ཁུལ་གཙོ་བོའི་བསྡུར་གྲངས་སྤྱི་ཡོངས་ནས་80%ཡན་ཟིན་ཡོད།