འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་དོན་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལས་ཐོག་སྦྱོང་བརྡར་ཆེན་པོ་ལྷོ་ཁར་འགོ་ཚུགས་པ་རེད། དེའི་དམིགས་ཡུལ་ནི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཆེད་ལས་ཅན་གྱི་དཔུང་ཁག་བཏོད་དེ་ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་དང་ལྷོ་ཁ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་གཉེར་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་ལས་དོན་པ་80ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་རེད། བྱེད་སྒོས་དུས་རབས་གསར་པའི་དབང་པོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་དབང་པོ་སྐྱོན་ཅན་ཚོགས་སྤྱིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་པར་གཞོལ་ཡོད། དེ་ནི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འཇོན་ཐང་གི་ཞན་ཆ་བསལ་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད།
སྦྱོང་བརྡར་ཆེན་པོའི་བྱེད་སྒོ་སྤེལ་ཡུན་ཉིན་2ཡིན་པ་དང་། ནང་དོན་ནང་སྲིད་ཇུས་གསལ་འགྲེལ་དང་། དཔེ་མཚོན་དབྱེ་ཞིབ། ཁྱད་ལྡན་བཀྲག་མདངས་མངོན་པ། ལག་ལེན་ལམ་བསྒྲགས་སོགས་ཀྱི་ལྷུ་ཚིགས་མང་པོ་ཚུད་ཡོད་པ་རེད། གསོ་སྦྱོང་ནང་ཞུགས་མཁན་སྤྱི་ཚོགས་ཀྱི་ལས་དོན་པས་ད་ཐེངས་ཀྱི་གོ་སྐབས་དམ་འཛིན་གྱིས་སློབ་སྦྱོང་ཡག་པོ་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་དབང་པོ་སྐྱོན་ཅན་ལ་ཕན་པ་ཐོབ་པའི་ཞབས་ཞུའི་ཕན་འབྲས་སུ་འགྱུར་གང་ཐུབ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།