འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་3ཉིན་གནས་ཚུལ་འབྱོར་གསལ། འགྲིམ་འགྲུལ་ནང་ཞུགས་མཁན་རྣམས་ཀྱི་ཡ་རབས་འགྲིམ་འགྲུལ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་ཆེད། ཉེ་ཆར“ཡ་རབས་འགྲིམ་འགྲུལ། ཚུལ་ལྡན་འགྲོ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཐེངས་14པའི་དྲིལ་བསྒྲགས་བྱེད་སྒོ་གཉེར་ཞིང་། བྱེད་སྒོའི་ནང“ཚོགས་ར་གཙོ་བོ་དང་། ཚོང་འདུས། མཉམ་འགུལ”བཅས་ཟུང་འབྲེལ་གྱི་གསར་གཏོད་རྣམ་པ་སྤྱད་ཅིང་། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་། རིག་རྩལ་འགྲེམས་འཁྲབ། དབྱིངས་ཞུགས་ཉམས་ལེན་བཅས་མཉམ་འདྲེས་བྱས་ནས་ས་མཐོའི་མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཡག་པོ་ཞིག་བྱས་པ་རེད།
ཚོགས་ར་གཙོ་བོའི་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་ཤིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྐྱོར་མོ་ལུང་གི་ལྷ་མོའི་ཟློས་གར《བཀྲ་ཤིས་རྔོན་པའི་འདོན》ཞེས་པས་འཁྲབ་སྟོན་གྱི་འགོ་བཙུགས་པ་དང་། གཞས་མ་གཏམ《བྱབ་ཆུང་བ》ཞེས་པས་དགོད་བྲོའི་རྣམ་པར་བརྟེན་ནས་འགྲིམ་འགྲུལ་བདེ་འཇགས་ནི་མི་རེ་ངོ་རེར་འགན་འཁྲི་ཡོད་པའི་འདུ་ཤེས་མཚོན་པ། ཕྲུ་གུ་ཚོས་འཁྲབ་སྟོན་བྱས་པའི《འགྲིམ་འགྲུལ་གྱི་ལག་བརྡ》ལ་ཚོགས་ར་ཡོངས་སུ་དགའ་བསུ་ཐོབ་པ། ལྗོངས་རྣམ་སྙན་ངག་གྱེར་འདོན《བརྟན་སྲུང》གིས་བོད་ཀྱི་འགྲིམ་འགྲུལ་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱེད་པའི་སྣང་ཚུལ་ལ་བརྩེ་སེམས་ཟབ་མོའི་ངང་ཕྱིར་དྲན་བྱས་ཏེ། “མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི”བརྩེ་སེམས་མངོན་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཕུལ་བྱུང་གི་ཡ་རབས་འགྲིམ་འགྲུལ་སློབ་སྟོན་པ་དང་ཁ་ལོ་བ་སོགས་འཐུས་མི་ཚོས་མཉམ་དུ“ཁྲིམས་སྲུང་སྲོལ་ཤེས་གུས་ཞབས། བདེ་འཇགས་ཡ་རབས་འགྲོ་སྐྱོད”ཀྱི་གྲོས་འགོ་བཏོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་12ཚེས་2ཉིན་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ད་དུང་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ལམ་དུམ་དང་། སྡེ་ཁུལ། སློབ་གྲྭ་བཅས་སུ་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་དྲིལ་བསྒྲགས་བྱེད་སྒོ་མུ་མཐུད་སྤེལ་བ་དང་། ས་མཐོའི་ཡུལ་ལུང་ཆེན་པོར་ཡ་རབས་འགྲིམ་འགྲུལ་འདུ་ཤེས་མི་སེམས་ལ་སྔར་བས་འཇགས་པར་སྐུལ་འདེད་བཏང་བ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)