ཟླ་10ཚེས་31ཉིན། ཆུ་བེད་པུའི་མཇུག་བསྡུའི་ཞིབ་བཤེར་རྩིས་ལེན་ཨུ་ལྷན་གྱིས་སྒམ་བརླིང་ལྡན་པའི་ངང་ཁྱབ་བསྒྲགས་བྱས་པ་དང་སྦྲགས་མ་དངུལ་བསྡོམས་སྒོར་དུང་ཕྱུར་49.532བཏང་བའི་ལ་ལྷོ་ཆུ་བེད་ལྟེ་བ་དང་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་གལ་ཆེན་172ཁྲོད་ས་བབ་མཐོ་ཤོས་ཀྱི་རྐང་འཛིན་ལས་གྲྭ་དང་བོད་དུ་བསྐྲུན་ནས་འཁོར་རྒྱུག་བྱེད་འགོ་ཚུགས་པའི་ས་བབ་མཐོ་ཤོས་ཀྱི་ཆུ་བེད་ལས་གྲྭ་དེར་ཆུ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.965དང་། གློག་ནུས་གཙང་མ་ཀྲའོ་ཝ་42 ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་45.39བཅས་ཟིན་ནས་དུས་རབས་གསར་པའི་ས་མཐོའི་ཆུ་བེད་འཛུགས་སྐྲུན་གྱི་ངོ་མཚར་ཆེ་བའི་ལེའུ་བརྩམས་པ་རེད།
དེ་གོང་གཞིས་རྩེར་དུས་ཡུན་རིང་པོར་ཆུའི་ཐོན་ཁུངས་བཀོད་འདོམས་བྱེད་ནུས་མི་འདང་བས་ཞིང་ལས་ཐོན་སྐྱེད་ཐད་གནམ་ཆུར་སྒུག་པ་དང་ཆུ་བེད་སྒྲིག་བཀོད་ཆུང་གྲས་ཐར་ཐོར་ལ་བརྟེན་དགོས་ཤིང་། ཞིང་འབྲོག་པའི་འཚོ་བའི་འཐུང་ཆུ་དང་འབྲོག་ལས་ཀྱི་མཁོ་ཆུ་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། 2018ལོའི་ཟླ་2པར་ཀྲུང་གོ་ཆུ་གློག་རྨང་གཞི་ཅུས་ཚད་ཡོད་ཀུང་སིར(བསྡུས་མིང་ལ“ཆུ་གློག་རྨང་གཞི་ཅུས”)ལ་ལྷོ་ཆུ་བེད་ལྟེ་བ་དང་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་འོས་ཐོབ་རག་སྟེ། དཀའ་ངལ་ཆེན་པོ་དེ་ཐག་གཅོད་བྱེད་པའི་འགག་རྩའི་ལས་འགན་དང་དུ་བླངས།
“འདིར་ས་བབ་མཐོ་དྲགས་པས་ལ་དུག་ཚབས་ཆེན་ཕོག་གི་འདུག སྨི་གཅིག་དམའ་ནའང་ཅུང་ཟད་ཡག་པ་ཡོད་རྐྱེན་ང་ཚོ་ཚང་མ་དགོང་མོ་ཐང་དུ་ཉལ་འདོད”ཅེས་ཆུ་གློག་རྨང་གཞིའི་ཅུས་ཀུང་སི་གསུམ་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིང་ལི་ཝང་ལིས་ས་མཐོར་ལས་སྒྲུབ་བྱེད་པའི་མྱོང་ཚོར་བཤད། གསོ་རླུང་འདུས་ཚད་ཐང་གཤོངས་ཀྱི་60%ཡང་མི་ཟིན་པའི་ས་མཐོར་རྒྱུན་གཏན་གྱི་འགྲོ་སྐྱོད་བྱེད་པར་ཡང་དཀའ་ངལ་ཆེན་པོ་ཡོད་པས་ངལ་ལས་བྱེད་པ་ནི་འཛུགས་སྐྲུན་པའི་བློ་སྟོབས་ལ་འཕྲད་པའི་འགྲན་སློང་ཞིག་རེད། དེ་དང་ཆབས་ཅིག་འཕྲུལ་ཆས་སྒྲིག་ཆས་ཀྱི་ལས་ཆོད་དེ་བས་ཆུང་ལ་སྐྱོན་ཤོར་ཚད་ནང་ས་ལས་མངོན་གསལ་དོད་པོས་མང་བ་ཡོད།
2018ལོའི་ལོ་མཇུག་ཏུ། རགས་ཆེན་གྱི་སྣུམ་སྙིགས་ཨར་འདམ་གྱི་གྱང་ཕྱེད་ཀ་བསྐྲུན་ཟིན་སྐབས། ཁོར་ཡུག་སྲུང་སྐྱོང་གི་བཀག་རྒྱ་བཟོས་པས་དེ་སྔ་ཇུས་འགོད་བྱས་པའི་རྡོ་གློ་བུར་དུ་མཁོ་སྤྲོད་བྱེད་མཚམས་ཆད། “སྐབས་དེ་དུས་དངོས་གནས་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར”ཞེས་སྐབས་དེའི་རགས་ཆེན་པུའི་ཀྲུའུ་རེན་ཧོ་ཝེ་ཡིས་ཕྱིར་དྲན་བྱས། རྣམ་གྲངས་ཚོགས་པས་ཚན་རིག་ཞིབ་འཇུག་འགག་སྒྲོལ་རུ་ཁག་མགྱོགས་མྱུར་བཙུགས་པ་དང་། ཚོད་ལྟ་དང་ཞིབ་བཤེར་ཐེངས་བརྒྱ་ལྷག་ཙམ་བྱས་པ་བརྒྱུད་ཚབ་བྱེད་ཇུས་གཞི་གསར་གཏོད་ཀྱིས་བཏོན་ཞིང་། རྒྱུ་ཆ་གསར་པའི་འབྱུང་ཁུངས་དེ་ཆུ་རགས་གནས་ཡུལ་དང་བར་ཐག་སྤྱི་ལེ་2ལས་མེད་སྟབས་མཁོ་སྤྲོད་ཆད་པའི་དཀའ་གནད་བདེ་བླག་ངང་བསལ་བ་རེད།
དེ་དང་ཆབས་ཅིག་ཆུ་གློག་རྨང་གཞི་ཅུས་ཀྱིས་ཆེད་ལས་ལག་རྩལ་གྱི་ལེགས་ཆ་གང་ལེགས་བཏོན་པ་དང་། ཆུ་རགས་ཀྱི་རྩིག་རྨང་གཏིང་རིང་བར་དམིགས་ནས། གཏིང་རིམ་གྱི་སིམ་འགོག་གྱང་དང་འདམ་ལྡུག་ལག་རྩལ་སྤྱད་ཅིང་། ཕུགས་ཀྱི་འཁྱགས་འགོག་དང་སིམ་འགོག་ནུས་པ་ལྡན་པའི་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་བྱས་ཏེ། སྲ་ཞིང་བརྟན་པའི“ས་འོག་གི་ལྕགས་རི་རིང་པོ”བདེ་བླག་ངང་བསྐྲུན་ནས་ཆུ་རགས་ཀྱི་རྨང་གཞི་བརྟན་ལ་བློས་འགེལ་ཆོག་པའི་འགན་ལེན་བྱས་པ་རེད།
འགག་སྒྲོལ་ལྷོད་མེད་བྱས་མཐར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། 2023ལོར་ལ་ལྷོ་ཆུ་བེད་ལྟེ་བ་དང་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་རྣམ་གྲངས་ལ“ཧྥེ་ཏི་ཁེའི་ཕུལ་དུ་བྱུང་བའི་ལས་གྲྭའི་རྣམ་གྲངས་བྱ་དགའ”ཐོབ་པ་དང་། ལོ་དེར“མི་དམངས་ཀྱི་ཆུ་བཅོས། ལོ་བརྒྱ་ཡི་བྱས་རྗེས”ཀྱི་ཆུ་བཅོས་ལས་གྲྭའི་རྣམ་གྲངས་ཀྱི་མིང་ཐོར་ཚུད་ཡོད་པ་རེད།
རྣམ་གྲངས་ལག་བསྟར་བྱེད་རིང་། ཆུ་གློག་རྨང་གཞི་ཅུས་ཀྱིས་ད་དུང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་སེམས་པ་བཅངས་ནས་དམངས་ཕན་ལས་དོན་འབོར་ཆེན་བསྒྲུབས་ཤིང་། ལ་ལྷོ་རྣམ་གྲངས་པུའུ་ཡིས་ས་གནས་དེ་གའི་སྲིད་གཞུང་དང་ལག་གདང་སྦྲེལ་ཏེ་ལས་ཀའི་ཁྲོད་སྦྱོང་བརྡར་རྣམ་པ་བརྒྱུད་བོད་རིགས་ལག་རྩལ་བཟོ་པ་མི་ཐེངས་197ལ་གསོ་སྦྱོང་བྱས་པར་ཡོང་འབབ་སྒོར་ཁྲི་1400ལྷག་ཙམ་བྱུང་བ་དང་། གྲོང་ཚོར་ལམ་བཟོས་པ་དང་ཁྲོན་པ་དྲུས་ཁར། ར་སྐྱོར་ཡང་བསྐྲུན་ཡོད། བྱིས་པའི་དུས་ཆེན་དང་དགེ་རྒན་དུས་ཆེན་སོགས་སུ་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་སློབ་མ་དང་དགེ་རྒན་སོགས་གཙོ་གནད་ཚོགས་སྤྱིར་སེམས་ཁུར་དང་དྲོ་སྐྱིད་སྦྱིན་ཡོད།
ལ་ལྷོ་ཆུ་ཤུགས་གློག་ཁང་2020ལོའི་ཟླ་12པའི་ཟླ་མཇུག་ཏུ་དངོས་སུ་དྲ་སྦྲེལ་བྱས་ནས་གློག་གཏོང་འགོ་ཚུགས་ཡོད། 2025ལོའི་ཟླ་9པའི་ཟླ་མཇུག་བར་ལ་ལྷོ་ཆུ་ཤུགས་གློག་ཁང་གིས་བོད་དབུས་གློག་དྲར་ནུས་རྒྱུ་གཙང་མའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་4.27བཏང་སྟེ་གློག་དྲར་འདེགས་སྐྱོར་བྱེད་པའི་གློག་ཁུངས་གལ་ཆེན་ཞིག་ཏུ་གྱུར་པ་དང་། རིམ་རྩིས་བརྒྱབ་ན་ཞིང་ཆུ་འདྲེན་ཁུལ་ཆེན་པོ་བཞི་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5.3མཁོ་འདོན་བྱས་ནས་རྨོ་ཞིང་མུའུ་ཁྲི་21.09གསོ་འཁྱོངས་བྱས་ཡོད།
ཝང་ལི་ཡིས“ཐོག་མར་སླེབས་སྐབས་འདི་ག་ནི་རི་རྒོད་དང་ཐང་སྟེང་ཡིན་མོད། ད་ལྟ་སྔོ་ཐིང་ཐིང་དུ་གྱུར་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད། གཙང་ཆབ་སྔོན་མོ་ལས“ཐན་ཁུལ་ཆེན་པོ་བཞིའི”སྐམ་ཐན་གྱི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། ད་དུང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད།
(བསོད་བདེ་ཆེ་བ་དང་ཚེ་སྒྲོན་གྱིས་སྒྱུར་ཞུས་བྱས)