འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་3ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང(རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས)ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་འཛོལ་གྱི་འཕྲལ་སྡོམ་སྔོན་ཇུས》(གཤམ་དུ《སྔོན་ཇུས》ཞེས་བསྡུ་རྒྱུ)དངོས་སུ་བཀྲམ་པ་རེད། དེ་སྔའི་2017ལོའི་པར་གཞི《སྔོན་ཇུས》དེས་མིག་སྔའི་བཟའ་བཅའི་བདེ་འཇགས་འཕྲལ་སྡོམ་ལས་དོན་གྱི་དགོས་མཁོ་སྐོང་དཀའ་བས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་གསར་དུ་བཏོན་པའི《ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་དོ་དམ་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་2017ལོའི་པར་གཞིའི་སྔོན་ཇུས་ལ་ཕྱོགས་ཡོངས་ནས་བཟོ་བཅོས་རྒྱབ་པ་རེད།
《སྔོན་ཇུས》ནང་འཕྲལ་སྡོམ་ཐག་གཅོད་ཀྱི་རྒྱུད་རིམ་ཚད་ལྡན་དུ་བཏང་བ་དེའི་ནང་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་། ཆ་འཕྲིན་སྙན་ཞུ། དུས་འགོའི་ཐག་གཅོད། རིམ་དབྱེའི་དང་ལེན། དུས་མཇུག་ཐག་གཅོད་སོགས་འགག་རྩའི་ལྷུ་ཚིགས་ཚུད་ཡོད་པ་རེད། ལས་འཛོལ་སྙན་ཞུའི་དུས་ཚད་དང་ནང་དོན་གྱི་བླང་བྱ་ཁ་གསལ་བཟོས་ཏེ་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་རྒྱུན་གཏན་གྱི་ལྟ་འདོམས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་དབྱེའི་དང་ལེན་གྱི་བྱེད་ཐབས་ཞིབ་ཚགས་སུ་བཏང་བ་དེའི་ནང་བཟའ་བཅའ་བསྡུ་བ་དང་སྡོམ་ཉར་དོ་དམ་ཚོད་འཛིན། སྨན་བཅོས་སྐྱོབ་བཅོས། བདེ་འཇགས་སྲུང་འཛིན་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་ཚུད་པ། རྗེས་འཇུག་ཐག་གཅོད་དང་། ཕྱོགས་བསྡོམས་ཚོད་སྐོར་བྱ་དགའ་ཆད་གཅོད་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལས་འཛོལ་ཐག་གཅོད་ཀྱི་གདུབ་ཟུམ་དོ་དམ་འགན་ལེན་བྱས་པ་བཅས་རེད།
(ཚེ་སྒྲོན་གྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)