ཟླ་བཅུ་གཅིག་པའི་བྱང་རྩྭ་ཐང་དུ་གྲང་བའི་ངར་སྒོ་རྒྱས་པ་དང་ཁ་བ་བུ་ཡུག་འཚུབ། ཨ་མདོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སྐྱེ་ཁམས་གླིང་གི་ཉི་འོད་དྲོད་ཁང་ནང་གང་སར་སྔོ་ལྗང་གིས་རྒྱན་པ་དང་མེ་ཏོག་སྣ་ཚོགས་བཞད་ནས་གསོན་ཤུགས་ཀྱིས་ཁེངས།
“གོང་རིམ་ཏང་ཨུད་དང་སྲིད་གཞུང་གིས་མ་དངུལ་ཤུགས་ཆེན་བཏང་བས་ང་ཚོས་གཞི་ནས་ས་བབ་མཐོ་པོ་འདི་འདྲར་སྔོ་ལྗང་དེ་དག་གསོ་ཐུབ་ཡོད”ཅེས་ཨ་མདོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་བཀྲ་ཕུན་གྱིས་ངོ་སྤྲོད་བྱས།
ཉེ་བའི་ལོ་ཤས་རིང་། ཨ་མདོ་རྫོང་གིས་མ་དངུལ་སྒོར་ཁྲི་1500བཏང་ནས་སྐྱེ་ཁམས་གླིང་གི་བོད་སྐྱོར་རྣམ་གྲངས་གསར་སྐྲུན་བྱས་པ་དང་། མ་དངུལ་སྒོར་ཁྲི་1200བཏང་ནས“སྤྲོ་སྣང་རྒན་གསོའི”རྣམ་གྲངས་གསར་སྐྲུན་བྱས་པ། མ་དངུལ་སྒོར་ཁྲི་500བཏང་ནས“བདེ་སྐྱིད་རྒན་གསོའི”རྒན་རྒོན་ལས་ཤག་གསར་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ། མ་དངུལ་སྒོར་ཁྲི་600བཏང་ནས་རྣམ་གྲངས་སྒྱུར་བཀོད་བྱས་པ། མ་དངུལ་སྒོར་ཁྲི་300བཏང་ནས་གསོ་རླུང་མཁོ་འདོན་རྣམ་གྲངས་ལག་བསྟར་བཅས་ བྱས་པ་རེད། རྣམ་གྲངས་ཁག་གོ་རིམ་ལྡན་པའི་སྒོ་ནས་འཛུགས་སྐྲུན་དང་སྔ་རྗེས་སུ་དོན་འཁྱོལ་བྱས་པ་དང་ཆབས་ཅིག་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་མཁྲེགས་ཆས་སྒྲིག་བཀོད་དང་ལྷན་སྦྱར་ནུས་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཞབས་ཞུའི་སྒྲིག་བཀོད་དང་ཁམས་གསོའི་བྱེད་སྒོ་སོགས་ལྷན་སྦྱར་ནུས་པ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།
“རྣམ་གྲངས་འཛུགས་སྐྲུན་སྟབས་བདེ་ཡོང་ཆེད། ལྟེ་གནས་ཀྱིས་གཅིག་སྡུད་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་75གནས་སྐབས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་འབྲེལ་ཡོད་ཕན་བདེའི་སྒྲིག་གཞིར་གནས་སྤོས་བྱས་ཤིང་། ད་ལོའི་ཟླ་11ཚེས་2ཉིན་ང་ཚོས་རྒན་རྒོན་རྣམས་སླར་ཡང་ཨ་མདོར་བསུས་ནས་ཚང་མ་སྡོད་ཁང་གསར་པར་སྡོད་དུ་བཅུག་པ་དང་སྒྲིག་བཀོད་གསར་པ་བེད་སྤྱོད་བྱས་ནས་ཁོང་ཚོའི་རྒན་རྒོན་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱས་པ་ཡིན”ཞེས་བཀྲ་ཕུན་གྱིས་གསར་འགོད་པར་བཤད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཨར་ལས་བྱ་ཡུལ་དུ། གསར་དུ་བསྐྲུན་པའི“བདེ་སྐྱིད་རྒན་གསོའི”རྒན་རྒོན་གྱི་ལས་ཤག་ཏུ་ཉི་མ་དྲོ་བ་དང་རྒྱ་ཆེ་བ་མ་ཟད། ཁང་པའི་ནང་གསོ་རླུང་དང་། དྲོད་རླངས། གསང་སྤྱོད། ཆུ་ཀ་ལ། འགོག་མེད་སྒྲིག་བཀོད་སོགས་ཆ་ཚང་པོ་ཡོད་ལ་སྒོ་རའི་ནང་ད་དུང་ཤེལ་སྒོའི་དྲོད་ཁང་ཡོད་པས་ཉིན་མོ་རྒན་རྒོན་རྣམས་འདི་གར་ཁ་བརྡ་གློད་པ་དང་། ཇ་འཐུང་བ། ཉི་མ་སྲོ་བ་བཅས་བྱེད་བཞིན་དགའ་བདེའི་དཔལ་ལ་རོལ།
ཨ་མདོ་རྫོང་གི་རྒན་གསོའི་ཞབས་ཞུས་གཅིག་སྡུད་བསྙེན་བཀུར་གྱི་རྒན་རྒོན་ལ་དོ་ཁུར་བྱེད་པ་མ་ཟད། རྫོང་ཡོངས་ཀྱི་རྒན་རྒོན་ཚོགས་སྤྱིར་དྲོ་སྐྱིད་ཀྱང་སྦྱིན་གྱི་ཡོད།
ཉེ་བའི་ལོ་ཤས་རིང་། ཨ་མདོ་རྫོང་གིས་སྨན་བཅོས་དང་གསོ་བཅོས་ཟུང་འབྲེལ་བྱེད་སྟངས་གསར་གཏོད་བྱས་ཏེ་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ“ཨ་མདོ་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས”བཙུགས་པ་དང་། དེའི་ནང་དུ“སྨན་བཅོས་དང་གསོ་བཅོས”ཀྱི་ནུས་པའི་ཁུལ་གཉིས་བཙུགས་པ་མ་ཟད། སྤྱི་ཚོགས་ལ་སྒོ་དབྱེ་བས་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།
ཨ་མདོ་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་བསྐྱོད་སྐབས་སྒོ་འགྲམ་གྱི་སྟེགས་བུར《རྒན་རྒོན་གྱི་རྒྱུན་གཏན་བདེ་ཐང་ལྟ་ཞིབ་ཚད་ལེན་ཐོ་འགོད་རེའུ་མིག》དང《ཚེ་སྲོག་དང་གཟུགས་གཞི་ཞིབ་དཔྱད་ཚད་ལེན་ཐོ་འགོད་རེའུ་མིག》བཞག་ཡོད་ལ། ལས་དོན་པས་རེའུ་མིག་ནང་རྒན་རྒོན་གྱི་བདེ་ཐང་གནས་ཚུལ་ཐོ་འགོད་ཞིབ་ཕྲ་བྱེད་ཀྱི་ཡོད་པ་རེད། དེའི་ནང་རིག་གནས་སྤྲོ་གསེང་རོལ་རྩེད་སྒྲིག་ཆས་ཕུད་ད་དུང་སྨན་པའི་གཞུང་ལས་ཁང་དང་། སྨན་རྫས་ཁང་། དངོས་ལུགས་གསོ་བཅོས་ཁང་། བོད་སྨན་གྱི་ཁྱད་ལྡན་སྨན་བཅོས་ཁང་སོགས་བཙུགས་ནས་རྒན་རྒོན་ལ་སྨན་བཅོས་སྐོར་ཞིབ་དང་། བདེ་ཐང་དོ་དམ། བདེ་སྲུང་བློ་འདྲི། བོད་སྨན་གྱི་ལུས་ཁམས་བདེ་སྲུང་སོགས་ཀྱི་ཞབས་འདེགས་ཞུ་ཡི་ཡོད་པ་རེད།
རྒན་རྒོན་བཀྲ་ཤིས་ཚེ་རིང་ནི་དེའི་ཁྲོད་ཕན་པ་ཐོབ་མཁན་ཞིག་རེད། ན་ནིང་ཁོང་ལ་ཀླད་པའི་ཁྲག་རྩའི་ནད་ཕོག་ནས་རྐང་ལག་གི་འགུལ་སྐྱོད་སྟབས་མི་བདེ་བར་གྱུར་བ་དང་སྐད་ཆ་ཤོད་པར་འགོག་རྐྱེན་ཕོག་ནས་ཨ་མདོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་བསྡད། སྨན་དོན་པའི་ངང་རྒྱུད་རིང་པོའི་ལྟ་སྐྱོང་འོག་ད་ཆ་བཀྲ་ཤིས་ཚེ་རིང་གི་གཟུགས་པོ་ཅུང་དྲག་སྐྱེད་བྱུང་ཡོད།
ཨ་མདོ་རྫོང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པ་དང་རང་མགོ་མི་ཐོན་པའི་རྒན་རྒོན་གྱི་འཚོ་བའི་གནས་ཚུལ་དང་ལྟ་སྐྱོང་གི་དགོས་མཁོ་སྔར་བས་སྐོང་ཆེད། ད་ལོ་ཨ་མདོ་རྫོང་དམངས་སྲིད་སྡེ་ཚན་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་རང་མགོ་མི་ཐོན་པའི་རྒན་རྒོན་གྱི་དཔྱད་འདེམས་ལས་དོན་སྤེལ་བ་རེད། དུད་ཚང་དུ་བཅར་འདྲི་བྱེད་པ་དང་། བྱ་སྤྱོད་ལ་ལྟ་ཞིབ་བྱེད་པ། གསོ་རིག་གི་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྒན་རྒོན་ཚོའི་གཟུགས་པོའི་གནས་ཚུལ་དང་། འཚོ་བའི་གོམས་གཤིས། ཤེས་རྟོགས་ནུས་པ་སོགས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད།
ཨ་མདོ་རྫོང་གིས་བརྩེ་བ་ཟབ་མོ་དང་དངོས་སྒྲུབ་ལ་བརྟེན་ནས་རྒན་གསོའི་ཞབས་ཞུའི་ཁྱབ་རྒྱ་དེ་བས་ཆེ་བ་དང་། འགན་སྲུང་དེ་བས་ལེགས་པ། རོགས་སྐྱོར་དེ་བས་ཧུར་ཐག་བཅས་བྱས་ཏེ། “ཆེས་མཛེས་སྡུག་ལྡན་པའི་ལ་ཁའི་ཉི་མ”ལྟ་བུའི་རྒན་རྒོན་ཚོར་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་སེམས་པ་སྐྱིད་པ་བཅས་ཡོང་བ་བྱས་པ་རེད།
(བསོད་བདེ་གཞོན་པས་བསྒྱུར། བསྟན་བཟང་གིས་ཞུས)