《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

བོད་ཀྱིས་དེང་རབས་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ།

རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་ཁག་སོ་སོར་99.64%དང་99.77%ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ལྗོངས་ཡོངས་ཀྱི་རླུང་འཕྲིན་ལེ་ཚན་ལོར་བཟོ་ཚད་ཆུ་ཚོད་ཁྲི་2.8དང་སྟོན་པའི་ཆུ་ཚོད་ཁྲི་15.15ཟིན་པ་དང་བརྙན་འཕྲིན་ལེ་ཚན་ལོར་བཟོ་ཚད་ཆུ་ཚོད་ཁྲི་3.37དང་སྟོན་པའི་ཆུ་ཚོད་ཁྲི་39.91ཟིན་ནས་རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་ཁག་སོ་སོར་99.64%དང་99.77%ཟིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་རིགས་ཀྱི་ས་གནས་ཀྱི་ཚད་གཞི་ཐོག་མ《རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ཚད་གཞི》བཏོན་པ་དང་།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) མི་རིགས་སྐད་ཡིག་གི་རླུང་འཕྲིན་ལེ་ཚན་ལོར་ཕབ་སྒྱུར་བྱེད་ཚད་ཆུ་ཚོད་15000ཟིན་པ་དང་བརྙན་འཕྲིན་ལེ་ཚན་ལོར་ཕབ་སྒྱུར་བྱེད་ཚད་ཆུ་ཚོད་7300ཟིན་པ། རླུང་འཕྲིན་ཉན་པ་དང་། བརྙན་འཕྲིན་ལྟ་བ། དབང་པོ་སྐྱོན་ཅན་གྱི་རླུང་འཕྲིན་བརྙན་འཕྲིན་ཞབས་ཞུ། གྲངས་ཉུང་མི་རིགས་ཀྱི་རླུང་འཕྲིན་བརྙན་འཕྲིན་ཞབས་ཞུ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་4ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། མི་རིགས་ཁག་གི་མང་ཚོགས་ཚོས་ཉུང་མཐར་ཡང་རླུང་འཕྲིན་འཕྲིན་ལམ་ལེ་ཚན་15དང་བརྙན་འཕྲིན་འཕྲིན་ལམ་ལེ་ཚན་15ལྟ་ཐུབ་པ་དང་སྲུང་སྐར་གྱི་སྤྱི་པའི་ཞབས་ཞུ་ཐད་གཏོང་ཁྱབ་པའི་ས་ཁུལ་དུ་ཉུང་མཐར་ཡང་རླུང་འཕྲིན་འཕྲིན་ལམ་ལེ་ཚན་46དང་བརྙན་འཕྲིན་འཕྲིན་ལམ་ལེ་ཚན་96ལྟ་ཐུབ་ཀྱི་ཡོད་པ་རེད།

རླུང་འཕྲིན་བརྙན་འཕྲིན་གྱི་དམངས་ཕན་འདུ་འགོད་བསྐྲུན་པར་སྐུལ་འདེད་ཏན་ཏིག་བཏང་ཞིང་། རླུང་འཕྲིན་བརྙན་འཕྲིན་དུད་ཚང་ཚང་མར་ཤར་གཏོང་ཐུབ་པ་དང་འཕྲལ་སྡོམ་རླུང་འཕྲིན་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བར་བརྟེན། ལྗོངས་ཡོངས་སུ་སྐུད་ཡོད་བརྙན་འཕྲིན་དངོས་སུ་སྤྱོད་མཁན་དུད་ཚང་ཁྲི་19.4དང་ཐད་གཏོང་སྲུང་སྐར་སྤྱོད་མཁན་དུད་ཚང་ཁྲི་62ཡོད་པ་དང་། རིམ་རྩིས་བརྒྱབ་ན་IPTVཐོ་བཀོད་སྤྱོད་མཁན་དུད་ཚང་ཁྲི་43.16ཟིན་ཡོད། ད་ལོའི་ལོ་མཇུག་ཏུ་རྫོང་དང་། ཆུས། གྲོང་ཁྱེར་བཅས་74ལ་འཕྲལ་སྡོམ་རླུང་འཕྲིན་མ་ལག་ཁྱབ་རྒྱུ་མ་ཟད། བོད་ལྗོངས་སྲུང་སྐར་བརྙན་འཕྲིན་རབ་གསལ་འཕྲིན་ལམ་ཐད་གཏོང་སྲུང་སྐར་བརྒྱུད་རྒྱལ་ཡོངས་ཀྱི་བརྙན་འཕྲིན་སྤྱོད་མཁན་ཁྲི་1000ཙམ་ལ་ཁྱབ་རྒྱུ་རེད། རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་བཀོལ་སྤྱོད་བདག་སྐྱོང་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ཞིང་། ད་ལོ་ནས་བཟུང་། རིམ་པ་ཁག་གི་རླུང་འཕྲིན་བརྙན་འཕྲིན་སྡེ་ཚན་གྱིས་ལག་རྩལ་པ་མི་ཐེངས་ཁྲི་3300ལྷག་ཙམ་བཏང་ནས་སྒྲིག་ཆས་ཆ་ཚང་ཁྲི་5.9ལྷག་ཙམ་བདག་སྐྱོང་བྱས་ཡོད།