《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

ཟླ་12ཚེས་2དང་ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དང་ལྷ་རྩེ་རྫོང་དུ་བརྟག་ཞིབ་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ས་སྐྱ་རྫོང་ཚ་རོང་ཤང་ལྕང་གཞོང་གྲོང་ཚོའི་གྲོང་མི་ཚེ་ཕུན་གྱི་ཁྱིམ་དུ་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

● གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་གེགས་རྗེས་བསྐྱར་སྐྲུན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་2དང་ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དང་ལྷ་རྩེ་རྫོང་དུ་བརྟག་ཞིབ་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཉེ་བའི་ལོ་ཤས་རིང་། ས་སྐྱ་རྫོང་བྲག་མཇུག་ཤང་ཇོ་མོ་ལྷ་རི་ཞིང་འབྲོག་པའི་འདེབས་གསོ་ཆེད་ལས་མཉམ་ལས་ཁང་གིས་དེང་རབས་ཀྱི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ལས། ཞིང་དུད་ཀྱི་འབབ་འཕར་ལ་རྒྱུན་མཐུད་སྐུལ་ཁྲིད་ཐུབ་ཡོད། ཝང་ཅུན་ཀྲེང་མཉམ་ལས་ཁང་དུ་ཕེབས་ཏེ་འགྲེམས་པང་ལ་གཟིགས་པ་དང་ངོ་སྤྲོད་གསན་ནས་ཐོན་སྐྱེད་གཉེར་སྐྱོང་དང་། ཁྲོམ་ར་རྒྱ་སྐྱེད། ཞིང་འབྲོག་པའི་འབབ་འཕར་ལ་རམ་འདེགས་བྱས་ཚུལ་སོགས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཞིང་འཕྲུལ་ཞིང་སྤྱོད་རྒྱུ་ཆ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་གཟིགས་ཞིབ་ནན་ཏན་གནང་སྟེ། ཁོང་ཚོས་ཞིང་ལས་ཚན་རྩལ་ཁྱབ་གདལ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ས་གཤིན་པོ་དང་། སོན་རྒྱུ་བཟང་པོ། ཞིང་འཕྲུལ་ཡག་པོ། ཐབས་ཤེས་བཟང་པོ། ལམ་སྲོལ་ཡག་པོ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ལས་ཕྱོད་དང་ཕན་འབྲས་བཟང་རིགས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཐོན་ལས་འཕེལ་རྒྱས་ཁྲོད་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་དང་ཕན་འབྲས་དེ་བས་ཆེ་བ་ཐོབ་རེ་བྱས་ཡོད། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་གྱིས་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་དང་གནད་སྨིན་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ། གྲོང་གསེབ་དར་རྒྱས་གཙོ་གནད་དུ་འཛིན་པའི“ཞིང་གསུམ”ལས་དོན་ཁག་དམ་འཛིན་ཡག་པོ་བཅས་བྱས་ཏེ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་གྱི་གོམ་སྟབས་གསར་པ་སྤོ་རྒྱུར་སྐུལ་འདེད་བཏང་ནས་གནད་འཕྲོད་ལས་འཚམ་དང་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཉེ་ཆར་དིང་རིའི་ས་ཡོམ་གྱི་སླར་གསོ་བསྐྱར་སྐྲུན་ལས་གྲྭ་གཞི་རྩའི་ཆར་ལེགས་གྲུབ་ཟིན་ནས་གནོད་འཚེ་ཕོག་པའི་མང་ཚོགས་གཅིག་རྗེས་གཉིས་མཐུད་དུ་སྡོད་ཁང་གསར་པར་སྤོས་ཡོད། སྡོད་ཁང་གསར་པའི་འཚོ་བའི་ཆ་རྐྱེན་ཅི་འདྲ་འདུག ཐོན་སྐྱེད་ཡག་པོ་འདུག་གམ། གནས་སྤོས་མང་ཚོགས་ལ་ད་དུང་དཀའ་ངལ་གང་དག་འདུག་ཅེས་ཝང་ཅུན་ཀྲེང་གིས་ཐུགས་ཁྲལ་ཆེན་པོས་བཀའ་འདྲི་གནང་།

གསར་དུ་བསྐྲུན་པའི་ཁང་པའི་འཆར་འགོད་གྲལ་འགྲིག་ལ་ཆུ་གློག་དང་། འགྲོ་ལམ། འཕྲིན་གཏོང་། དྲ་རྒྱ་བཅས་ཁྱིམ་ཚང་ཚང་མར་ཁྱབ་ཡོད། ཝང་ཅུན་ཀྲེང་ས་སྐྱ་རྫོང་ཞལ་དཀར་ཤང་ལྕང་གཞོང་གྲོང་ཚོ་དང་ལྷ་རྩེ་རྫོང་རེ་ས་ཤང་བྱང་གོང་གྲོང་ཚོར་ཕེབས་ནས་གྲོང་ཚོའི་རྣམ་པར་གཟིགས་ཞིབ་གནང་བ་དང་། དེ་ནས་སྔ་རྗེས་སུ་གྲོང་མི་ཚེ་ཕུན་དང་ཕུར་བུའི་ཁྱིམ་དུ་ཕེབས་ནས་སྡོད་གནས་ཀྱི་ཁོར་ཡུག་ལ་གཟིགས་ཞིབ་ཞིབ་ཕྲ་གནང་ཞིང་། ཁོང་ཚོའི་ལྟོ་གོས་ཕུན་སུམ་ཚོགས་པ་དང་། ཁང་པ་དྲོ་བ། སྙིང་སྟོབས་འཕེལ་བ་བཅས་ཡོད་པ་གཟིགས་སྐབས་ཝང་ཅུན་ཀྲེང་དགྱེས་ཚོར་ཆེན་པོ་བྱུང་བ་མ་ཟད། ཚང་མར་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད། དེ་རྗེས་ཚང་མ་དང་ལྷན་དུ་བཞུགས་པ་དང་། ཝང་ཅུན་ཀྲེང་གིས་རྒན་རྒོན་གྱི་གཟུགས་པོ་དང་། ཕྲུ་གུ་སློབ་གྲྭར་འགྲོ་བ། ལས་ཞུགས་འབབ་འཕར་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་གནང་བ་རེད། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་འོག་ང་ཚོ་སྡོད་ཁང་གསར་པར་སྤོས་ཟིན། སླད་ཕྱིན་གྱི་འཚོ་བ་དེ་བས་དྲོ་སྐྱིད་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད་ཅེས་ཚང་མས་བཤད། ཝང་ཅུན་ཀྲེང་གིས་བདག་པོའི་སྙིང་སྟོབས་དར་སྤེལ་བཏང་ནས་གནས་སྤོ་གནས་སྡོད་གོ་སྐབས་སུ་བརྩིས་ཏེ། ཁང་པའི་རྒྱབ་མདུན་དང་གྲོང་ཚོའི་རྣམ་པ་མཛེས་བཟོ་དང་སྔོ་འགྱུར་ཡག་པོ་བྱེད་པ་དང་། མིའི་འཚོ་སྡོད་ཁོར་ཡུག་གི་བཅོས་སྒྲིག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། ཁོར་ཡུག་འཕྲོད་བསྟེན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས། གཞིས་རྩེ་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། གཙོ་གནད་ལས་འགན་མངོན་གསལ་དོད་དུ་གཏོང་བ། སྤྱི་ཡོངས་སྐུལ་འདེད་ལ་སྣང་ཆེན་བྱེད་པ། བསྐྲུན་ཚར་བའི་རྣམ་གྲངས་ཀྱི་རྗེས་མཐུད་དོ་དམ་ལ་ཤུགས་སྣོན་རྒྱག་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གེགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། སྤྱི་པའི་ཞབས་ཞུ་སླར་གསོ་མཐོར་གཏོང་བཅས་ཀྱི་ལས་དོན་ལ་ཇུས་འགོད་ནན་ཏན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་དགོས། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཉན་སྤྲོའི་བྱ་ཐབས་སྤྱད་དེ་དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཟབ་མོ་ཚོར་ཐུབ་པ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས། གེགས་ཁུལ་གྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་གེགས་ཁུལ་གྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་སྒུག འབྱུང་འགྱུར་གྱི་འཕེལ་ཕྱོགས་བཅས་ལ་དམིགས་ནས། ཚན་རིག་དང་མཐུན་པར་ས་གནས་ཀྱི་ཁྱད་ཆོས་དང་ཕུགས་ཀྱི་འཕེལ་རྒྱས་དང་མཐུན་པའི་ཐོན་ལས་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱེད་པ། གནོད་འཚེ་ཕོག་མཁན་མང་ཚོགས་ལ་ལས་ཞུགས་མཛུབ་ཁྲིད་དང་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ། རིམ་དབྱེ་དང་རིགས་དབྱེ་ནས་རོགས་སྐྱོར་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་སུ་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

(བདེ་དབང་དང་ཚེ་ཁོས་སྒྱུར་ཞུས་བྱས)