འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ནག་ཆུར་རྣམ་གྲངས་འགན་གཙང་འགན་ལེན་ལས་དོན་སྤེལ་བ་དང་མཚོ་བོད་གཞུང་ལམ་G109ལམ་ཐིག་གོར་མོ་ནས་ནག་ཆུ་དུམ་བུའི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭར་མཐུན་སྦྱོར་དང་སྐུལ་འདེད་བཏང་གནང་བ་རེད།
བསོད་ནམས་ཉི་མ་ཨར་ལས་བྱ་ཡུལ་དུ་ཕེབས་ནས་ཨར་སྐྲུན་གྱི་མྱུར་ཚད་དང་། ལག་རྩལ་དང་བཟོ་རྩལ། བདེ་འཇགས་སྤུས་ཚད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་རྣམ་གྲངས་བཀོད་འདོམས་པུའུ་རུ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། ལས་དོན་སྙན་སེང་ཞིབ་ཕྲ་གསན་ནས་ས་གནས་དང་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། བསོད་ནམས་ཉི་མས་མཚོ་བོད་གཞུང་ལམ་G109ལམ་ཐིག་ནི་བོད་ལྗོངས་དང་མེས་རྒྱལ་ནང་སའི་དབར་འབྲེལ་མཐུད་བྱེད་པའི་གནས་གལ་ཆེན་ཞིག་ཡིན། གོར་མོ་ནས་ནག་ཆུ་དུམ་བུ་བར་གྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་འཁུར་གཟབ་བཞེས་གནང་ལུགས་མཚོན་པ་དང་དེ་ནི་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་རེད་ལ་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱང་ཡིན་པས་དུས་བཀག་ལྟར་སྤུས་ཚད་མཐོ་པོས་ལེགས་གྲུབ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
བསོད་ནམས་ཉི་མས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རྣམ་གྲངས་ལས་གྲྭའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་འགན་འཁྲི་འཁུར་སེམས་ཆེ་རུ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ཞབས་ཞུ་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་ཨར་ལས་མི་སྣ་དང་འགྲོ་འོང་འཁོར་རིགས་ཀྱི་ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ཐོག་བསྐོར་ལམ་འགན་ལེན་ཐུབ་པར་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཐོག་མཚོ་བོད་གཞུང་ལམ་G109ལམ་ཐིག་དེ་མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་ལམ་བུར་བསྐྲུན་དགོས། གཞུང་ལམ་སྡེ་ཚན་དང་ས་གནས་སྲིད་གཞུང་དབར་གྱི་མཉམ་ལས་ཟབ་ཏུ་བཏང་ནས་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ཐོག་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།