《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月19日

སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་གསོ་སྐྱོང་བྱེད་ཐབས་སྐོར་ཅུང་ཟད་གླེང་བ།

སློབ་གསོ་ནི་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་རེ་བ་ཡིན་ཙ་ན། དགེ་རྒན་ནི་སློབ་གསོའི་ཕུགས་བསམ་མངོན་འགྱུར་བྱེད་མཁན་གྱི་མཚམས་སྦྱོར་བ་དང་ལམ་སྟོན་པ་རེད། དེར་བརྟེན། དགེ་རྒན་གྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་གསོ་སྐྱོང་བྱ་རྒྱུ་ནི་ནམ་ཡང་དོར་ཐབས་མེད་པའི་རང་ཉིད་ཀྱི་འགན་འཁྲི་ལྕི་པོ་ཞིག་ཡིན་པ་ཤེས་པར་བྱས་ཏེ། ཁྲལ་སེལ་སླ་བཅོས་དང་སློབ་མའི་གནས་སྐབས་ཀྱི་སྐར་གྲངས་ཁོ་ནར་དམིགས་མི་རུང་། གཞན་ཡང་། ཕུགས་བསམ་ལྡན་ཞིང་སྤྱོད་ཡོན་གཉིས་ལྡན་གྱི་བུ་ཕྲུག་བཟང་པོ་ཞིག་ཆགས་པར་དགེ་རྒན་གཅིག་པུར་བརྟེན་ན་འགྲིག་ཐབས་མེད་པས། ཁྱིམ་བདག་གིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་ལ་ཕྱར་བ་གྲུ་འདེགས་དང་གཡས་གཞོགས་གཡོན་འདེགས་གང་ལེགས་བྱེད་དགོས།

དང་པོ། དགེ་རྒན་གྱིས་སློབ་མ་སྐྱོང་སྟངས་ལ་ངེས་པར་དུ་དོ་སྣང་ བྱེད་དགོས།

སློབ་མ་སློབ་གྲྭར་འབྱོར་བའི་ཉིན་དང་པོ་ནས་འགོ་བཙུགས་ཏེ། སློབ་མའི་རྒྱུད་ལ་ཀུན་སྤྱོད་བཟང་པོ་ཞིག་འཇགས་ཐུབ་མིན་དང་། རང་འགུལ་ངང་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་མིན་ནི་ཐོག་མར་སློབ་གྲྭའི་ཁོར་ཡུག་དང་འབྲེལ་བ་ཡོད་ལ། འགན་སེམས་ཆེ་བའི་ཕུལ་བྱུང་དགེ་རྒན་ཞིག་གི་མཛུབ་སྟོན་དང་གསོ་སྐྱོང་ལའང་རགས་ལས་ཡོད། དེར་བརྟེན། དགེ་སློབ་ཕན་ཚུན་དབར་གྱི་འབྲེལ་བ་ནི་སློབ་གསོའི་ལས་དོན་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། དགེ་རྒན་གྱིས་སློབ་ཕྲུག་ལ་ཁ་ཞེ་གཉིས་མེད་ཀྱིས་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། ཁོང་ཚོའི་གུས་པར་འོས་པའི་ཕ་མ་གཉིས་པ་ལྟ་བུར་གྱུར་ཚེ། དེར་མིང་དོན་མཚུངས་པའི་དགེ་རྒན་བཟང་པོ་ཞིག་གི་སྔོན་འགྲོའི་ཆ་རྐྱེན་འཛོམས་པ་ཡིན། གལ་ཏེ་དགེ་རྒན་གྱི་ཆེད་ལས་ཤེས་བྱའི་ཆུ་ཚད་མཐོ་རུང་། སློབ་མའི་ཞན་ཆར་བསམ་ཤེས་དང་དོ་སྣང་མེད་ཚེ། སློབ་གསོ་སློབ་ཁྲིད་ལ་རྩ་བ་རུལ་བའི་ཤིང་སྐམ་བཞིན་གྲུབ་འབྲས་ལེགས་པོ་ཞིག་ཐོབ་མི་སྲིད།

དེས་ན། དགེ་རྒན་གྱིས་སློབ་མའི་རང་འགུལ་གྱི་བསམ་པ་དང་དགའ་ཕྱོགས་ལ་བརྩི་སྲུང་བྱེད་པའི་རྨང་གཞིའི་ཐོག ཕྱོགས་ལྷུང་དང་ཉེ་རིང་མ་བཏང་ཚེ། སློབ་ཕྲུག་གི་ཡིད་ཆེས་དང་། བརྩི་བཀུར། དགའ་ཞེན་བཅས་ཐོབ་ངེས་པས། དེ་འདྲའི་དགེ་རྒན་ནི་སློབ་ཕྲུག་གི་སྙིང་གཏམ་ཤོད་ས་དང་མིག་དཔེ་ལྟ་ཡུལ་བཟང་པོ་ཞིག་ཏུ་གྱུར་ངེས་པས་ན། སློབ་གསོའི་ཕན་འབྲས་ཀྱང་ཡག་པོ་ཐོན་ཐུབ། དུས་རྒྱུན་དུ་དགེ་རྒན་གྱིས་སློབ་མ་མི་རེ་ངོ་རེར་དོ་སྣང་བྱས་ཏེ། སློབ་མའི་བྱ་སྤྱོད་དང་བསམ་བློ་ལོག་ལམ་དུ་མི་འགྲོ་བ་མཐའ་གཅིག་ཏུ་བྱེད་པ་ལས། སྣང་ཆུང་དང་ལྷོད་གཡེང་གཏན་ནས་གཏོང་མི་རུང་།

གཉིས་པ། ཁྱིམ་བདག་གིས་སློབ་མའི་ཕྱོགས་ཡོངས་ལ་སློབ་གསོ་ གཏོང་མཁས་པོ་བྱེད་དགོས།

སློབ་གྲྭར་ཞུགས་མ་ཐག་པའི་སློབ་ཕྲུག་ལ་དགེ་རྒན་གྱིས་སློབ་གསོ་གཏོང་བའི་རྨང་གཞིའི་ཐོག ཁྱིམ་བདག་སོ་སོས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སློབ་མའི་བདེ་འཇགས་དང་། ཟས་གོས། སློབ་སྦྱོང་གི་རྣམ་འགྱུར་སོགས་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་མ་ཟད། ལྷག་པར་དུ་རྒྱུན་གཏན་སློབ་གྲྭའི་སྒྲིག་སྲོལ་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་དགོས་པའི་སློབ་གསོ་ཡང་རྒྱག་རྒྱུ་ནི་སློབ་ཕྲུག་གི་བསམ་པའི་འདུ་ཤེས་དང་འབྱུང་འགྱུར་མི་སྣ་ཅི་འདྲ་ཞིག་ཆགས་ཐུབ་མིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པས། ཁྱིམ་བདག་གིས་གཤམ་གྱི་སློབ་གསོ་རྒྱག་སྟངས་ལ་ཤུགས་སྣོན་རྒྱག་དགོས་ཏེ།

གཅིག བསམ་བློའི་སློབ་གསོ།

དང་ཐོག་སློབ་མར་སློབ་སྦྱོང་བྱེད་འདོད་ཀྱི་བསམ་པའི་སྐུལ་སློང་གཙང་མ་ཞིག་དང་སློབ་སྦྱོང་གི་སྤྲོ་སྣང་ལྷད་མེད་ཞིག་འཕེལ་ཕྱིར་རང་དཔེ་གཞན་སྟོན་གྱིས་སྐབས་འགར་འཚོ་བའི་གནས་ལུགས་ཅུང་ཅད་ཤོད་དགོས་ཏེ། དཔེར་ན། ངག་རྒྱུན་དུ་ཕ་མས་གནང་བ་ནི་ཚེ་འདིའི་འཚོ་བ་ཙམ་ཡིན་ལ། དགེ་རྒན་གྱིས་བྱིན་པ་ནི་ཚེ་རབས་ཀྱི་འཚོ་བ་ཡིན་པའི་ཕྱིར་ལྟ་བུའི་ཡར་ཐོན་གྱི་སྐུལ་ལྕག་ཐེབས་ཤིང་སློབ་སྦྱོང་བྱེད་དགོས་པའི་དམིགས་ཡུལ་གསལ་པོར་བསྟན་དགོས།

གཉིས། ཀུན་སྤྱོད་སློབ་གསོ།

ཀུན་སྤྱོད་སློབ་གསོ་ནི་ཤིན་ཏུ་ཁྱབ་ཆེ་ཞིང་གལ་འགངས་ཆེ་བའི་སློབ་གསོ་གཏོང་སྟངས་ཤིག་ཡིན་སྟབས། རྟག་ཏུ་ཀུན་སྤྱོད་སློབ་གསོ་རྒྱག་དགོས་ཀྱི་ཡོད་དེ། ང་ཚོས་སློབ་མར་ཆུང་དུས་ནས་རྒན་བཀུར་གཞོན་གཅེས་དང་། ཡ་རབས་ཚུལ་ལྡན། གཅིག་ཕན་གཅིག་རོགས། གཙང་སྦྲ་འཕྲོད་བསྟེན་སོགས་ལ་དང་དོད་བྱེད་དགོས་པ་དང་། གཞན་ཡང་། བྱ་བཟང་ལས་བཟང་སྒྲུབ་པའི་གོམས་གཤིས་འཇགས་པར་རོགས་རམ་བྱས་ཏེ། ལེགས་སྤེལ་ཉེས་འགོག་ཤེས་པ་དང་། གཏན་འབེབས་བྱས་པའི་སྒྲིག་ལམ་ཁག་ལ་བརྩི་སྲུང་ཞུས་ནས་དུས་ཚོད་དམ་འཛིན་དང་། སློབ་བྱོལ་དུ་མི་འགྲོ་བ། སྔ་ལོག་ཕྱི་འབྱོར་མི་བྱེད་པ། སྤྱི་རྫས་ལ་བདག་གཅེས་བྱེད་པ། སྤྱི་ཚོགས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་པ་སོགས་ཀྱི་སློབ་གསོ་རྒྱག་དགོས།

གསུམ། གོམས་གཤིས་སློབ་གསོ།

ད་ཆ་སློབ་གྲྭའི་ནང་རྟག་ཏུ་མཐོང་རྒྱུ་ཡོད་པའི་སྤྱོད་ཚུལ་ངན་པ་སྟེ། ཕ་མས་བུ་ཕྲུག་ལ་གཅེས་དྲགས་པའི་དབང་གིས་དངུལ་གང་འདོད་སྟེར་བ་དང་། ཕྲུ་གུས་མ་རབས་ཀྱི་སྐད་ཆ་བཤད་ཀྱང་དུས་ཐོག་ཏུ་མི་གཅུན་པ། དགེ་རྒན་ལ་བརྩི་བཀུར་མི་ཞུ་བ་དང་། རང་དགོས་ཤེས་བྱར་འབད་བརྩོན་མི་བྱེད་པར་གཡོལ་གང་ཐུབ་བྱེད་ཀྱི་ཡོད། སློབ་མ་འགའ་ཤས་ཀྱིས་ཉིན་ལྟར་ཉམ་ཆུང་གི་སློབ་མར་བརྙས་བཅོས་དང་མཐོང་ཆུང་བྱས་ཏེ། ཡིག་རྒྱུགས་རྐུ་བཤུ་དང་སྦྱོང་ཚན་གཞན་ལ་འབྲི་རུ་བཅུག་པ་སོགས་བྱེད་ཀྱི་ཡོད། དེ་ལྟར་ལང་ཚོ་དར་ལ་བབས་པའི་དུས་བཟང་དེ་བག་མེད་ཆུད་ཟོས་སུ་བཏང་ན། དལ་འབྱོར་མི་ལུས་རིན་ཆེན་ཐོབ་པའི་ལན་གཅིག་དེའང་གཞན་དོན་སྒྲུབ་རྒྱུ་ལྟ་ཅི། ཐ་ན་རང་མགོ་རང་ཐོན་ཡང་ཡོང་བར་དཀའ། དེར་བརྟེན། ཕ་མས་བུ་ཕྲུག་གི་མི་ཚེའི་མདུན་ལམ་ལ་བསམ་གཞིག་གང་ལེགས་བྱས་ཏེ། རང་གི་ཕྲུ་གུར་སློབ་གཉེར་བ་ཞིག་ལ་མཚོན་ན་རང་རྒྱུད་ལ་ཤེས་ཡོན་ཐོབ་པ་བྱེད་རྒྱུ་ནི་ཆེས་གཙོ་བོ་ཡིན་པའི་ངོས་འཛིན་ཐུབ་པར་བྱས་ཏེ། ཆུང་དུས་ནས་བུ་ཕྲུག་ལ་ཤེས་ཡོན་སྦྱོང་འདོད་ཀྱི་བློ་རང་བཞིན་དུ་སྐྱེ་ཐུབ་པ་བྱས་ནས། རང་མཁོའི་ཤེས་ཡོན་ཁག་རྡོ་ལ་ཨི་ཁུང་འབིགས་པ་དང་བུང་བས་གེ་སར་བཅུད་ལ་ཚིམས་མེད་རོལ་བ་བཞིན་འབད་འབུངས་ལྷོད་མེད་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱེད་དགོས།

མདོར་ན། ང་ཚོས་དོན་ཆེན་སྒྲུབ་པར་ངང་རིང་དགོས་པ་དང་། ཐབས་ལ་མཁས་ན་ཆེན་པོ་བྲན་ལ་བཀོལ་སླ་ཞེས་པ་ལྟར། དགེ་རྒན་དང་ཁྱིམ་བདག་རྣམ་པས་གོང་གསལ་གནད་དོན་དེ་དག་ལ་བསམ་གཞིག་དང་སྙིགས་དོར་བཅུད་ལེན་གནང་སྟེ། ཕུགས་བསམ་ལྡན་ཞིང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཟང་པོ་ཞིག་སྐྱོང་བར་བརྩོན་བརྒྱ་འབད་སྟོང་གནང་དགོས་སོ།

(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སློབ་ཆུང་། ཚེ་རིང་དབྱངས་ཅན)