འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་དང་སྤྱི་པའི་གསང་སྤྱོད་སྐྲུན་སྤྱོད་སྐྱོང་གསུམ་གྱི་་དོན་གྲོས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་། སེམས་ནུས་བརྩེ་བ་ཡོད་རྒུས་མང་ཚོགས་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ཡག་པོ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ལྗང་མདོག་གི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་དགོངས་ཟབ་བཞེས་གནང་བའི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད། བཙོག་ཆུ་གད་སྙིགས་གཙང་སེལ་དང་སྤྱི་པའི་གསང་སྤྱོད་སྐྲུན་སྤྱོད་སྐྱོང་གསུམ་བྱེད་པ་དེ་གནམ་སྔོན་ཆུ་དྭངས་ས་གཙང་སྲུང་སྐྱོབ་དམག་འཐབ་གཏིང་ཟབ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་འཁོར་རྒྱུག་འགན་ལེན་དང་གཞི་རྩའི་དམངས་འཚོ་འགན་ལེན་བྱེད་པའི་རྨང་གཞིའི་རང་བཞིན་དང་འདེགས་སྐྱོར་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་ཡིན། ང་ཚོས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་བྱེད་པ་དང་། ལྷག་བསམ་རྣམ་དག་གིས“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཏང་ལ་སེམས་ཁྲལ་སེལ་རོགས་དང་དམངས་ལ་འགན་འཁྲི་བསྒྲུབ་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་དང་རྒྱལ་ཁབ་ཀྱིས་གྲོང་ཁྱེར་གསར་སྒྱུར་འཐབ་ཇུས་ལག་བསྟར་བྱེད་པའི་གོ་སྐབས་གལ་ཆེན་གྱི་དུས་སྐབས་དམ་འཛིན་ཧུར་ཐག་བྱས་ཏེ། བཙོག་ཆུ་གད་སྙིགས་གཙང་སེལ་དང་སྤྱི་པའི་གསང་སྤྱོད་སྐྲུན་སྤྱོད་སྐྱོང་གསུམ་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་འཕར་གཞི་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་བྱ་གཞིར་འགྱུར་བར་བྱེད་དགོས།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་ཡག་པོ་བྱས་ནས་མི་དམངས་ཀྱིས་དོ་ཁུར་བྱེད་སར་ལན་བརྒྱབ་སྟེ། རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། ལེགས་ཆ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། འཇུར་མིག་གི་ཚོད་འཛིན་མེད་པ་བཟོས་ནས་མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤྱི་པའི་ཞབས་ཞུ་དེ་བས་མང་བ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་ཁྱབ་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཞན་ཆ་སེལ་བ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་བཅོས་སྐྱོང་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་བཙུགས་ནས་ལག་ལེན་བསྟར་བ་དང་། མི་རྩ་བར་འཛིན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། འཆར་འགོད་དང་ལག་བསྟར་དང་། འཛུགས་སྐྲུན་དང་བཀོལ་སྤྱོད་བདག་སྐྱོང་། གསོག་འབོར་དང་འཕར་ཚད། ཐུན་མོང་རང་བཞིན་དང་རང་གཤིས། ལག་ལེན་དང་ཕན་འབྲས་ཐོན་པ། གཙོ་གནད་འགན་ལེན་དང་གཞི་རྩ་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད་དང་ཉེན་ཁ་སྔོན་འགོག་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཏེ། འགན་འཁྲི་ནན་དཀྲིས་དང་། འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ། ཕྱོགས་བསྡུས་ཇུས་བསྟར་བཅས་བྱས་ནས་རྨང་གཞི་འདིང་བ་དང་། ཕན་འབྲས་ཐོན་པ། ཕུགས་ལ་ཕན་པ་ཐོབ་པ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ཏེ། “གཟེར་འདེབས”ཀྱི་སྙིང་སྟོབས་ཐོག་ནས་དངོས་འཛིན་དངོས་སྒྲུབ་བྱེད་པ་དང་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་འདེབས་དགོས།