འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་རྡོ་རྗེ་ཚེ་སྒྲུབ་ཀྱིས་རུ་སྣེ་ཁྲིད་དེ། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་དམངས་གཉེར་ཁེ་ལས་ཁག་གཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་དམངས་གཉེར་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་བོད་ལྗོངས་གཡུ་དགེ་ཚང་བཟོ་ཚོང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་བསོད་ནམས་ཞིང་ནས་རིགས་ཁེ་ལས་ཚད་ཡོད་ཀུང་སི། བོད་ལྗོངས་ཏེ་ཀྲུང་ས་ཁམས་ཆ་འཕྲིན་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ངོ་སྤྲོད་ལ་གསན་པ་མ་ཟད། ཁེ་ལས་ཀྱི་དཀའ་ངལ་དང་གནད་དོན་མཁྱེན་རྟོགས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ངོ་ཐུག་གདོང་འཕྲད་ཀྱིས་ཁེ་ལས་ཀྱི་འཐབ་ས་དང་པོར་བརྒྱུད་བསྒྲགས་གནད་སྨིན་བྱས་པ་རེད།
བརྟག་ཞིབ་ཚོགས་ཆུང་གིས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་བོད་དུ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་བླང་བྱར་དམིགས་ཏེ། ཐོན་སྐྱེད་ཀྱི་སྤུས་ཚད་ལ་དམ་འཛིན་ནན་པོ་བྱེད་པ་དང་། ལག་རྩལ་ལ་ཤུགས་སྣོན་རྒྱག་པ། ཤེས་ལྡན་པ་གསོ་སྐྱོང་བྱེད་པ། རྩེ་གྲ་གཏོད་པ་བཅས་བྱས་ནས། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་དང་ཆེ་རུ་དང་སྟོབས་ཆེར་གཏོང་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག རྒྱལ་ནང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་ཧུར་ཐག་འཛིན་ཏེ། འཚོང་ལམ་རྒྱ་ཆེར་གཏོང་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལག་རྩལ་གསར་གཏོད་དང་གྲུབ་འབྲས་སུ་འགྱུར་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དམངས་གཉེར་དཔལ་འབྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ལྷག་ཚེས་ཞུས)