《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月09日

བྱི་ལ་ཆུང་ཆུང་།

འོད་འཛིན་མ།

ཐོད་པར་སྟག་གི་འཛུམ་རིས་ཅན། །

སྒལ་གཞུང་གཟིག་གི་ཐིག་ལེ་བཀྲ། །

སོག་གཉིས་དུང་གི་གཤོག་པ་ཅན། །

ལུས་ལ་རྨ་བྱའི་རི་མོ་མཛེས། །

མཇུག་མ་ཆུ་མིག་དགུ་སྒྲིལ་སྐུད། །

དཔྱི་གཡས་ཁམ་ཐིག་གཡོན་ཐིག་ནག །

སོ་དང་སེན་མོ་ལྕགས་ཀྱི་ཁབ། །

ཁ་མིག་སྣ་གསུམ་མེ་ཏོག་མཆུ། །

ཁ་སྤུ་སྙེ་མའི་གྲ་མ་སྤུངས། །

སྨིན་མའི་ཚལ་ཀྱང་རྩིད་པ་ལྟར། །

རྒྱུག་ན་བང་ཁ་རླུང་ལས་མྱུར། །

ཟུར་མིག་འོད་ཀྱིས་མཚན་ཡང་གསལ། །

སྐབས་རེ་ངག་ཀྱང་གྲོལ་ལ་ཁད། །

ལན་རེ་སྐྱོ་བའི་ཉམས་ཀྱིས་ལྟ། །

རྣམ་འགྱུར་མ་ངེས་སྣ་ཚོགས་ཀྱིས། །

ང་ཡི་ནང་སེམས་བསླུས་ཏེ་སོང་། །

དགའ་ན་རྩེད་མོ་རྩེ་བཞིན་རྒྱུག །

དྲོ་ན་གཉིད་ཀྱི་ཞིང་ས་ཉུལ། །

གཅེས་ན་དགའ་བའི་གླུ་ཆུང་ལེན། །

ལྟོགས་ན་སྐྱོ་བའི་འཁུན་སྒྲ་སྒྲོག །

རྣ་ཅོག་ཕྱེ་ལེབ་གཤོག་ཟུང་འདྲ། །

སྙིང་ཁ་སྤྲིན་གྱི་དང་ག་ཅན། །

རུས་པའི་ལྷུ་ལག་རྩལ་གྱིས་ཕྱུག །

པགས་པའི་གཞི་རིམ་འདར་ཞིང་གཡོ།

དགྲ་ལ་སྡང་བའི་མཆེ་བ་གཙིགས། །

གྲོགས་ལ་འཛུམ་པའི་ཟོལ་གྱིས་ལྟ། །

ཕྱི་ནང་གཉིས་ལ་འཇམ་རྩུབ་གཉིས། །

བྱི་ལ་ཆུང་ཆུང་རང་གཤིས་ཡིན། །

འཇབ་ན་གཞུ་མོ་བཀུག་དང་འདྲ། །

འཕག་ན་མདའ་མོ་གཏོང་དང་མཚུངས། །

མདའ་གཞུ་གཉིས་ཀྱི་སོ་མཚམས་ནས། །

ལྷན་སྐྱེས་རྩལ་གྱི་ཁྱད་ཡོན་ངོམས། །

འགའ་རེས་བསྟན་སྲུང་རེད་ཅེས་བརྗོད། །

འགའ་རེས་སྡིག་རྒན་རེད་ཅེས་སྨྲ། །

གང་ལྟར་ང་ལ་མཚོན་ན་ནི། །

འདི་ལས་སྙིང་རྗེ་མི་འདུག་ཨང་། །

མ་བསླབས་གཙང་སྦྲ་ལྡན་པའི་གཤིས། །

མ་བསྐུལ་ཁ་ལག་ཉིན་བཞིན་བཀྲུ། །

མ་གྲོས་ལས་ཀྱིས་འཕྲད་པའི་ཁྱོད། །

མ་བཅོས་སྙིང་ནས་ཡང་ཡང་དྲན། །