གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ། “གསར་བརྗེའི་སྒུལ་ཤུགས”ལ་བརྟེན་ནས་བཅོས་སྒྲིག་བྱེད་སྟངས་གསར་གཏོད་བྱས་ཤིང་། “མི་དམངས་ལ་ཞབས་འདེགས་ཞུ་བའི”ལྟེ་བའི་འགན་ནུས་ལ་དམ་པོར་དམིགས་ཏེ། ས་ཁུལ་གྱི་དོན་དངོས་དང་མཐུན་པའི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཁར། ཏང་དམངས་ཞབས་ཞུའི་གཡུལ་ས་མངོན་ཡོད་ཡོངས་ཁྱབ་ནས་ཡོངས་ཁྱབ་ནུས་ལྡན་གྱི་ཕྱོགས་སུ་འགྱུར་ལྡོག་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། “ཏང་དང་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྦྲེལ། མཉམ་དུ་བཅོས་སྐྱོང་དང་མཉམ་དུ་ལོངས་སྤྱོད་བྱེད”ཅེས་པའི་གསོན་ཉམས་དོད་པའི་རྣམ་པ་བཏོད་ཡོད།
ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ།
དར་འཕྱར་བློ་སྦྱོང་གི“སྒུལ་བྱེད་འཕྲུལ་འཁོར་གསར་པ”བཏོད་པ།
རྔ་ཆེན་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“ཏང་དར་དམར། མཐུན་སྒྲིལ་ཟབ། རིག་གནས་དར”བཅས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། སྒྲིག་འཛུགས་བྱེད་ནུས་དང་། གོང་བུ་སྒྲིལ་ནུས། རིག་གནས་སྤེལ་ནུས་བཅས“ནུས་གསུམ་མཉམ་འདྲེས”བྱས་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཉམས་མྱོང་ཡག་པོ་དང་དཔེ་མཚོན་གསོན་པོ་མཁོ་འདོན་བྱས་ཡོད།
ལས་དོན་དངོས་སུ་སྒྲུབ་རིང་རྔ་ཆེན་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ཏང་གི་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། ཏང་གི་ཐབས་ཇུས་ལག་ལེན་བསྟར་བ། ཏང་གི་ལམ་ཕྱོགས་བརྟན་སྲུང་བྱས་པ་དང“གསར་བརྗེའི་དྲིལ་བསྒྲགས་རུ་ཁག”བཙུགས་ཏེ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅིས་སྣེ་ཁྲིད་ནས་སྒྲོག་འགྲེལ་བྱས་པ་དང་། རྒན་རྒོན་ཚོགས་སྤྱིར་དམིགས་ནས་དྲ་ཐོག་སློབ་ཚན་བཀོད་སྒྲིག་བྱས་པ། སྒྲ་སྡུད་འཕྲུལ་འཁོར་སོགས་ལ་བརྟེན་ནས་ཏང་གི་གསུང་སྒྲ་ཕྱོགས་ཡོངས་སུ་ཁྱབ་པར་བྱས་ཡོད།
མ་ལག་ཆ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ།
གསར་བརྗེའི་མཁར་རྫོང་གི“གཡུལ་ས་གསར་པ”བཏོད་པ།
“ས་ཆ་གཡར་ནས་གཞུང་ལས་སྒྲུབ་པ”ནས་ཐོག་སོ་བཞི་ཡོད་པའི་ཁྲོམ་གཞུང་དང་ཐག་ཉེ་སའི་རང་ཚུགས་ལས་དོན་སྤེལ་ས་ཡོད་པའི་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་སྟེ། རྔ་ཆེན་སྡེ་ཁུལ་ཏང་དམངས་ཞབས་ཞུ་ལྟེ་གནས་དེ་ཉིད་ཏང་དམངས་ལས་དོན་གྱི་གཡུལ་ས་བརྟན་པོ་དང་། དམངས་ལ་ཞབས་འདེགས་ཞུ་བའི་གཅིག་འཐུས་རྣམ་པའི་ལས་སྟེགས། སྤྲོ་གསེང་རོལ་རྩེད་ཀྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་བཅས་ལ་དངོས་སུ་གྱུར་ཡོད།
རྔ་ཆེན་སྡེ་ཁུལ་ཏང་དམངས་ཞབས་ཞུ་ལྟེ་གནས་སྤྱོད་འགོ་བཙུགས་ཚུན། དམངས་ཕན་ལས་སྒོ་སྒྲུབ་ཚད་དུས་མཚུངས་ལས་90%འཕར་ནས་མང་ཚོགས་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
“ལྟེ་བ་གཅིག་དང་བྱེད་པོ་མང་པོའི”གཡུལ་ས་འཛུགས་པའི་འདུ་ཤེས་ལ་དམིགས་ནས། རྔ་ཆེན་སྡེ་ཁུལ་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་དཀར་ཆ་དོད་པའི“གྲོང་ཁྱེར་གྱི་སྣེ་ལེན་ཁང”བཙུགས་ནས་སྲིད་ཇུས་བློ་འདྲི་དང་། ལས་སྒོ་སྒྲུབ་གཉེར། དཀའ་ངལ་སེལ་རོགས་སོགས“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུས་པ་དང་ཆབས་ཅིག་ཏང་ཡོན་གྱི་བྱེད་སྒོ་ཁང་དང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་ཁང་། བྱིས་པའི་སྤྲོ་སྐྱིད་ཁང་། ཁྱིམ་མཚེས་དགའ་འཛོམས་ཁང་། སྡེ་ཁུལ་དཔེ་ཁང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་ཚན་སོགས་བྱེད་ནུས་ཁུལ་མང་པོ་ཞིག་རྟ་སྒ་ཆ་སྒྲིག་ཏུ་བཀོད་སྒྲིག་བྱས་ནས། ཏང་ཡོན་མང་ཚོགས་ཀྱི་དགོས་མཁོ་སྣ་ཚོགས་ཕྱོགས་ཡོངས་ནས་བསྐངས་ཡོད།
ཞབས་ཞུ་རིམ་སྤོར་བྱེད་ཤུགས་ཆེ་རུ་བཏང་བ།
ཏང་དམངས་མཉམ་སྐྲུན་གྱི“ཟམ་པ་གསར་པ”བསྐྲུན་པ།
མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མུ་མཐུད་ཆེ་རུ་གཏོང་བའི་ཐད་རྔ་ཆེན་སྡེ་ཁུལ་གྱིས“རྒན་རྒོན་གྱི་ཚོགས་སྤྱི་གཅིག་དང་། བྱིས་པའི་ཚོགས་སྤྱི་གཅིག དཀའ་ངལ་ཡོད་པའི་ཚོགས་སྤྱི་གཅིག”བཅས་ལ་དམིགས་ཏེ། དམངས་ཕན་བྱ་སྤྱོད་གསུམ་ལག་བསྟར་གཏིང་ཟབ་བྱས་ནས་ཕྱོགས་ཡོངས་ལ་ཁྱབ་པ་དང་རིམ་པ་མང་བའི་དམངས་འཚོའི་ཞབས་ཞུའི་མ་ལག་ཅིག་བཙུགས་ཡོད།
“ནུབ་ཁའི་བྱ་སྤྱོད”ལག་བསྟར་བྱས་ཏེ་རྒན་རྒོན་ལ་གཅེས་སྐྱོང་བྱས་ཤིང་། རྔ་ཆེན་སྡེ་ཁུལ་གྱིས་སྒྲོན་མེ་སློབ་གསོ་དང་མཉམ་དུ“ནུབ་ཁའི་སློབ་ཚན”བཀོད་སྒྲིག་བྱས་ཏེ་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ་དང་ཁྲོམ་གཞུང་འཕྲོད་བསྟེན་ཁང་གིས་མཉམ་འབྲེལ་ཐོག་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཏེ། གཅོང་ནད་དབྱེ་བཤེར་བྱས་པ་དང་། བོད་སྨན་གྱི་ཀོ་ཡོལ་སྤྲད་པ། བདེ་ཐང་ཡིག་ཚགས་ཁག་327བཟོས་པ་བརྒྱུད་སྒོ་རྩར་བདེ་ཐང་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྲུབ་ཡོད།
“ཉི་གཞོན་བྱ་སྤྱོད”ལག་བསྟར་བྱས་ནས་ཕྲུ་གུ་གསོ་སྐྱོང་བྱས་ཤིང་། རྔ་ཆེན་སྡེ་ཁུལ་གྱིས་དྲག་ཆས་ཉེན་རྟོག་དཔུང་སྡེ་དང་སྒྲོན་མེ་སློབ་གསོ་དང་མཉམ་དུ“དམག་ས་མཉམ་སྐྲུན”གྱི་དབྱར་སྒར་བྱེད་སྒོ་སྤེལ་བ་དང་། སྡེ་ཁུལ་གྱི་དཔེ་ཁང་དང་མཉམ་དུ“སྒོ་ངའི་བག་ལེབ་བཟོ་བ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་བརྒྱུད། རིམ་རྩིས་བརྒྱབ་ན་ཕྲུ་གུ་མི་ཐེངས་2000ལྷག་ཙམ་ལ་ཕན་པ་ཐོབ་ནས་ཕྲུ་གུ་སྐྱོན་བྲལ་ངང་འཚར་ལོངས་བྱུང་ཡོད།
“དྲོ་སྐྱིད་བྱ་སྤྱོད”ལག་བསྟར་བྱས་ནས་དཀའ་ངལ་སེལ་རོགས་བྱས་ཤིང་། རྔ་ཆེན་སྡེ་ཁུལ་གྱིས“ལེགས་སྐྱེས་དང་། མཛའ་གྲོགས། རོགས་སྐྱོར། ཡར་ཐོན”བཅས་ཀྱི་དང་བླངས་སྙིང་སྟོབས་དར་སྤེལ་བཏང་ནས་ཏང་ཡོན་113ལས་གྲུབ་པའི“མདོག་བདུན”གདོང་ལེན་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཚབ་སྒྲུབ་ཚབ་གཉེར་དང་། ཞལ་འདེབས་སློབ་སྐྱོར། ལས་གཏོད་མཛུབ་ཁྲིད་སོགས་ཀྱི་གནད་སྨིན་ཞབས་འདེགས་ཞུས་པ་བརྒྱུད། མཐུན་སྒྲིལ་རོགས་རེས་དང་འཆམ་མཐུན་དགེ་བརྩོན་གྱི་སྡེ་ཁུལ་གྱི་རྣམ་པ་ཧུར་ཐག་བཏོད་ཡོད།
(སྤེན་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)