གེགས་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བཟང་བཟང་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་མགྱོགས་མྱུར་དང་ལེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། གྲོང་རྡལ་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་རྒྱ་ཁྱབ་བྱས་ནས་འགག་སྒྲོལ་དཀའ་སེལ་བྱས་ཐོག གྲོང་ཚོ་དང་ལས་ཡུལ་དངོས་སུ་བསྐྱོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས“མི་དམངས་གོང་དུ་བཀུར་བའི”གཞི་རིམ་བཅོས་སྐྱོང་གི་འདུ་ཤེས་གསལ་འགྲེལ་དང་། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད།
བསྐྱར་སྐྲུན་གྱི་ལས་ཡུལ་གཙོ་བོར་རྩིག་རྨང་བརྟན་པོ་མེད་པ་དང་རི་སྐྱེས་སྲོག་ཆགས་འགྲོ་འོང་སོགས་ཀྱི་དཀའ་ངལ་མང་པོའི་མདུན་དུ་བཟང་བཟང་གྲོང་རྡལ་གྱིས“ཏང་འཛུགས་སྐྱོང་དང་དྲ་མིག་ཅན་ཟུང་དུ་འབྲེལ་བའི”བཅོས་སྐྱོང་ལམ་སྲོལ་གསར་གཏོད་ཀྱིས་ལག་ལེན་བསྟར་བ་དང་། གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང“དྲ་མིག་གདོང་ལེན་པའི”འགན་ཁུར་ནས་གཞི་རིམ་གྱི་དྲ་མིག་པ་དང་མཉམ་དུ་དུད་ཚང་རེ་རེ་བཞིན་ལ་བསྐྱར་སྐྲུན་གྱི་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་ནས་མང་ཚོགས་ཀྱི་རེ་འདུན་དང་ཨར་སྐྲུན་གྱི་དཀའ་གནད་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། རིམ་རྩིས་བརྒྱབ་ན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་80ལྷག་ཙམ་གྲལ་བཤེར་བྱས་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་50ལྷག་ཙམ་བསྡུ་རུབ་བྱས་པ་མ་ཟད། ཤེས་རྟོགས་བྱུང་བའི་གནད་དོན་འཕྲལ་མར་འགན་འཁུར་སྡེ་ཚན་ལ་སྙན་སེང་ཞུས་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་ལྟ་སྐུལ་དང་བཅོས་སྒྲིག་བྱས་ཏེ། ཐར་པར་མི་གཏོང་བའི་རྣམ་འགྱུར་ཐོག་ནས་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་བསྲུངས་པས། བསྐྱར་སྐྲུན་བྱེད་རིང“བདེ་འཇགས་ལས་འཛོལ་དང་ཤི་རྨས་གནས་ཚུལ་གཅིག་ཀྱང་མི་ཐོན་པའི”དམིགས་ཚད་མངོན་འགྱུར་བྱུང་ཡོད།
འགལ་ཟླ་སྣ་ཚོགས་གཅིག་སྡུད་ཐོག་ཐོན་པའི་འགག་སྒྲོལ་དུས་མཚམས་སུ་བཟང་བཟང་གྲོང་རྡལ་ཏང་རྩ་འཛུགས་ཀྱིས་ཀ་རྟེན་ལྟ་བུའི་ནུས་པ་གང་ལེགས་བཏོན་ཏེ། ས་གཤིས་རིགས་གཅིག་མཁས་ཅན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས“ལྷན་འཛོམས་ནད་དཔྱད་རྣམ་པའི”རྩད་ཞིབ་བྱས་པ་དང་།“ཕྱོགས་གང་ས་ནས་འབྲེལ་གཏུག་དང་ངོ་འཕྲད་གྲོས་མོལ”གྱི་བྱེད་སྟངས་བརྒྱུད་མང་ཚོགས་འདུམ་འགྲིག་གི་ལས་དོན་ངང་རྒྱུད་རིང་པོས་སྤེལ་བ། བསྐྱར་སྐྲུན་འཆར་འགོད་དང་ལས་གྲྭའི་སྤུས་ཚད་ལ་ལྟ་སྐུལ་སོགས་ལྷུ་ཚིགས་གལ་ཆེན་ནང་མང་ཚོགས་ཞུགས་རྒྱུར་ཁྲིད་སྟོན་བྱས་པས། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ནས་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་མཐོ་རུ་ནུས་ལྡན་ཕྱིན་ཡོད། ས་ཁོངས་ཁག་གཅིག་གི་རྩིག་རྨང་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་གནས་ཚུལ་དངོས་ལ་དམིགས་ནས། བཟང་བཟང་གྲོང་རྡལ་གྱིས་མང་ཚོགས་དུད་ཚང་102ལ་ཡང་བསྐྱར་ས་ཆ་འདེམས་སུ་བཅུག་པ་དང་དེ་བཞིན་ཁང་པའི་བཟོ་བཀོད་ལེགས་སྒྲིག་བྱས་པས། ཚན་རིག་དང་མཐུན་པའི་བསྐྱར་སྐྲུན་དང་དམངས་ཀྱི་འདོད་བློ་དང་མཐུན་ཡོད། ཁྱིམ་མཚེས་དབར་གྱི་རྩོད་གཞི་འདུམ་འགྲིག་བྱེད་པའི་ཐད། བཟང་བཟང་གྲོང་རྡལ་གྱིས་རིམ་རྩིས་བརྒྱབ་ན་འགལ་ཟླ་ཁག་27ཐག་གཅོད་བྱས་པ་དང་། འདུམ་འགྲིག་ལེགས་གྲུབ་བྱུང་ཚད་100%ཟིན་ཡོད།
བསྐྱར་སྐྲུན་བྱ་ཡུལ་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་མང་ཚོགས་ཉེ་འགྲམ་གྱི་ཉིན་གང་སྲུང་སྐྱོང་བྱེད་མཁན་དུ་གྱུར་ཡོད། སྲིད་ཇུས་སྐོར་གྱི་མང་ཚོགས་ཀྱི་བློ་འདྲིའི་ཐད། གཅིག་གཏད་གཅིག་གིས་གསལ་འགྲེལ་ཞིབ་ཚགས་བྱས་པ་དང་། དམིགས་བསལ་ཚོགས་སྤྱིའི་དགོས་མཁོར་དམིགས་ནས། གཅིག་འཐུས་རྣམ་པའི་དམངས་ཕན་ཚབ་གཉེར་ཞབས་ཞུ་བསྒྲུབས་ཡོད། ཁོང་ཚོས་ཡུལ་དངོས་སུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར་བས། མང་ཚོགས་ཀྱིས་བློས་འཁེལ་བའི་སྙིང་ཉེ་བ་དང་བསྐྱར་སྐྲུན་ལས་དོན་ཁྲོད་ཀྱི་སྟོབས་ཤུགས་གཙོ་བོར་གྱུར་ཡོད།
ད་ཆ་བཟང་བཟང་གྲོང་རྡལ་གྱི་གེགས་རྗེས་བསྐྱར་སྐྲུན་ལས་དོན་མཇུག་འགྲིལ་ལ་ཉེ་ཞིང་། ཁང་པ་གསར་པ་སྟར་པ་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་མང་ཚོགས་ཁག་དང་པོ་སྡོད་ཁང་གསར་པར་སྤོས་རྗེས་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པས། ས་གཞི་འདིར་གསོན་ཤུགས་གསར་པ་རབ་ཏུ་རྒྱས་ཡོད།
(སྐལ་མཆོག་གིས་བསྒྱུར། ཉི་དོན་གྱིས་ཞུས)