《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月25日

འཕྲུལ་ཆས་ཡིག་སྒྱུར་གྱི་འགྱུར་སྐྱོན་རགས་ཙམ་གླེང་བ།

འབྲེལ་ཡོད་དཔྱད་གཞིར་གཞིགས་ན། དུས་རབས་བཅུ་དགུ་པའི་ལོ་རབས་40ནས་འཕྲུལ་ཆས་ཡིག་སྒྱུར་སྐོར་ལ་ཞིབ་འཇུག་བྱེད་འགོ་ཚུགས་ཡོད་པ་དང་། རྒྱལ་སྤྱིའི་སྔོན་ཐོན་གྱི་འཕྲུལ་ཆས་ཡིག་སྒྱུར་ལ་ཞིབ་འཇུག་བྱེད་པའི་བྱ་ཐབས་ཁག་ཀྱང་རྒྱལ་ནང་གི་ཞིབ་འཇུག་ཁྲོད་སྤྱད་ཡོད་པ་རེད། བོད་ཡིག་གི་འཕྲུལ་ཆས་ཡིག་སྒྱུར་ལ་མཚོན་ན། བོད་ཡིག་ཆ་འཕྲིན་གྱི་ལས་ལ་གཞོལ་མཁན་ཚོས་འཕྲུལ་ཆས་ཡིག་སྒྱུར་ཐད་ལ་ཞིབ་འཇུག་མང་པོ་བགྱིས་ཏེ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ནའང་། ད་ཆ་འཕྲུལ་ཆས་ཡིག་སྒྱུར་མང་པོར་སྒྱུར་གནད་ལ་མ་འཁེལ་བ་དང་། མ་ཡིག་གི་ཉམས་ཁྱད་སྟོན་མི་ནུས་པ། ཐ་ན་དོན་ལོག་པ་སོགས་ཀྱི་སྐྱོན་ཆའམ་མི་འདང་བའི་ཆ་མང་དུ་མཆིས་ན། དུས་རྒྱུན་ང་ཚོས་དུས་རབས་ཀྱི་ཐོན་དངོས་དེ་བེད་སྤྱོད་དམ་ཁྱབ་སྤེལ་གཏོང་བའི་ཚེ། ངེས་པར་དུ་བསམ་བློ་གཏོང་དགོས་པ་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁག་གཅིག་ཡོད།

དང་པོ། ཐ་སྙད་ཀྱི་དོན་ཡོངས་སུ་སྟོན་མི་ཐུབ་པ།

“ཡིག་སྒྱུར་ནི་སྐད་ཡིག་ཅིག་གིས་མཚོན་པའི་ནང་དོན་སྐད་ཡིག་གཞན་ཞིག་གི་ལམ་ནས་མཚོན་རྒྱུ་དེ་ཡིན་པ་དང་། ཡིག་སྒྱུར་ཁྲོད་དུ་ལོ་ཙཱའི་ཆེས་ཆུང་བའི་སྡེ་ཚན་ནི་མིང་རེད། དེ་བས་ཡིག་སྒྱུར་བྱེད་སྐབས་ཐོག་མར་མིང་གི་དོན་གསལ་པོར་ཤེས་དགོས་པ་དང་། དེ་ནས་སྒྱུར་བྱེད་ཡིག་རིགས་ཀྱི་ཐ་སྙད་ཀྱིས་མཚོན་དགོས། མིང་ཚིག་ལེགས་པོ་བསྒྱུར་དགོས་ན་བསྒྱུར་བྱའི་ཡིག་རིགས་དེའི་མིང་དང་སྒྱུར་བྱེད་ཡིག་རིགས་ཀྱི་མིང་གི་ཁྱད་པར་གསལ་པོར་ཤེས་དགོས”ཞེས་པ་བཞིན། མི་རིགས་སོ་སོའི་བརྡ་སྤྲོད་དང་མིང་གི་གྲུབ་ཚུལ་སོགས་མི་འདྲ་བར་བརྟེན། རྒྱ་ཡིག་དང་བོད་ཡིག་གི་བརྡ་སྤྲོད་དང་མིང་གི་གྲུབ་ཚུལ་ལའང་ཁྱད་པར་ཆེན་པོ་ཡོད་ལ། རྒྱ་བོད་མི་རིགས་གཉིས་ཀྱི་འཚོ་བའི་ཁོར་ཡུག་དང་། སྤྱི་ཚོགས་ལོ་རྒྱུས། རིག་གནས་རྒྱབ་ལྗོངས་སོགས་མི་འདྲ་བའི་དབང་གིས། བསྟན་དོན་དོ་མི་མཉམ་པའི་ཐ་སྙད(多义词)དེ་དག་ཡིག་སྒྱུར་བྱེད་སྐབས། གཟབ་གཟབ་མ་བྱས་ན་ནང་དོན་ལོག་པར་བསྒྱུར་བའམ་ནོར་འཁྲུལ་འབྱུང་བའི་ཉེན་ཁ་ཡོད། སྐད་བརྡའི་ཁོར་ཡུག་མི་འདྲ་བའི་ནང་ཐ་སྙད་གཅིག་ལ་བསྟན་དོན་མི་འདྲ་བ་མང་པོ་ཡོད་པས། ཐ་སྙད་དང་མིང་ཚིག་ཡིག་སྒྱུར་བྱེད་རིང་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་ལ་གསལ་པོ་ལྟ་དགོས། དཔེར་ན། “坚决维护国家的安全、荣誉利益,为社会主义和谐社会建设提供良好的社会环境”ལྟ་བུ་འཕྲུལ་ཆས་ཡིག་སྒྱུར་མི་འདྲ་བ་གསུམ་ནང“རྒྱལ་ཁབ་ཀྱི་བདེ་འཇགས་དང་མཚན་སྙན་དང་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱ་དགོས”ཞེས་པར་བསྒྱུར་ཡོད།

གོང་གི་འཕྲུལ་ཆས་གསུམ་གྱི་འགྱུར་ཡིག་ལ་ཁྱད་པར་གང་ཡང་མེད། དེའི་ནང་གཙོ་བོ་ཐ་སྙད“提供”དང“坚决”གཉིས་ཀྱི་སྒྱུར་སྟངས་སྐོར་རགས་ཙམ་བརྗོད་ན། འགྱུར་མ་གསུམ་པོའི་ནང“提供”ལ“འདོན་སྤྲོད”ཅེས་བསྒྱུར་འདུག སྐབས་འདིར“提供”ཞེས་པའི་ཐ་སྙད་ཀྱི་སྟོན་སའི་ཡུལ་ནི་ཁོར་ཡུག་ཡིན་པས། འཕྲུལ་འཁོར་ནང་ཐད་ཀར་ཁོར་ཡུག་འདོན་སྤྲོད་ཞེས་ཐོན་པ་རེད། ཡིན་ནའང་། ང་ཚོ་བོད་རང་གི་སྐད་ཆའི་བརྗོད་ལུགས་ལྟར་ན་ཁོར་ཡུག་བསྐྲུན་ཟེར་བ་ལས་ཁོར་ཡུག་འདོན་སྤྲོད་ཟེར་གྱི་མེད་པས་ཐ་སྙད་ཀྱི་ནང་དོན་ཇི་བཞིན་མཚོན་ཐུབ་མེད།

སྤྱིར་ན། མ་ཡིག་གི་ཐ་སྙད་རེ་རེའི་གནས་སྐབས་ཀྱི་བསྟན་དོན་དང་སྤྱིར་བཏང་གི་བསྟན་དོན། བསྟོད་ཚིག་དང་སྨད་ཚིག་གི་ཁྱད་པར། རྩོམ་པ་པོའི་བརྩེ་དུང་དང་ཉམས་འགྱུར་སྟོན་ཚུལ་སོགས་གསལ་པོར་ཤེས་དགོས་ཀྱང་། འཕྲུལ་ཆས་ཀྱི་ཡིག་སྒྱུར་ཁྲོད་ཐ་སྙད་ཀྱི་གོ་དོན་ལོག་པ་དང་། འགྱུར་ཡིག་བོད་སྐད་ཡིག་གི་སྐད་ཆའི་འགྲོས་དང་མི་མཐུན་པ། གནད་ལ་མི་འཁེལ་བ། མ་ཡིག་གི་ནང་དོན་ཇི་བཞིན་མཚོན་མི་ཐུབ་པ། འཕྲི་སྒྱུར་བྱས་དྲགས་པ་སོགས་ཀྱི་སྐྱོན་མང་པོ་ཡོད་པ་ནི་ལག་ལེན་དངོས་ལས་མཐོང་ཐུབ་པ་ཞིག་རེད། དེའི་རྒྱུ་མཚན་ཡང་འཕྲུལ་ཆས་ཡིག་སྒྱུར་གྱིས“སྐད་རྒྱུའི་མཛོད”(语料库)ནང་ཡོད་པའི་ཐ་སྙད་དག་འདེམས་པ་ལས་རྗོད་བྱེད་ཚིག་གི་སྔ་ཕྱི་དང་བརྗོད་བྱའི་དོན་ལ་བསམ་བློ་གཏོང་མི་ཤེས་པས། ད་གཟོད་ནོར་འཁྲུལ་འདི་རིགས་བྱུང་བ་རེད་སྙམ།

གཉིས་པ། འགྱུར་ཡིག་ལ་ཁྱད་ཆོས་མེད་པ།

“ཉམས་ཐོན་མིན་ནི་འགྱུར་ཡིག་གི་ནང་དུ་མ་ཡིག་གི་རྩོམ་གཤིས་དང་། རྩོམ་པ་པོའི་བསམ་བློའི་ཁྱད་ཆོས། རྩོམ་པ་པོའི་བརྩེ་དུང་། མི་རིགས་ཀྱི་ཁྱད་ཆོས་དང་དུས་བབ་ཀྱི་ཁྱད་ཆོས་སོགས་ཐོན་པར་བྱ་བ་ལ་གོ་དགོས། ཉམས་འགྱུར་ནི་ནང་དོན་དང་རྣམ་པ་གཉིས་ཀ་གཅིག་ཏུ་འདྲེས་པའི་ཚུལ་དུ་གནས་ཡོད་དེ། ཀློག་པ་པོས་རྩོམ་ཡིག་གང་ཞིག་ཀློག་སྐབས་ནང་དོན་དང་ཚིག་སྦྱོར་ཕྱོགས་གང་ཐད་ནས་གཞན་དང་མི་འདྲ་བའི་མྱོང་ཚོར་དེ་ནི་ཉམས་འགྱུར་ཡིན”ཞེས་པ་ལྟར། འགྱུར་ཡིག་གི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་སྙན་འཇེབས་ལྡན་པ་ཞིག་ཡོང་དགོས་ན། ནང་དོན་དང་ཚིག་སྦྱོར་གཉིས་ཀར་དོ་སྣང་བྱས་ནས་རྩོམ་གཤིས་དང་ཚིག་སྦྱོར་སོགས་ལ་དབྱེ་ཞིབ་བྱས་ཏེ་འགྱུར་ཡིག་གི་ཚིག་སྦྱོར་སྙན་ཞིང་འཇེབས་པ་ཞིག་ཡོང་བར་བྱེད་དགོས། ཡིན་ནའང་། འཕྲུལ་ཆས་ཡིག་སྒྱུར་ལ་རྩོམ་ལུས་དང་། སྐད་ཆའི་ཁོར་ཡུག རྩོམ་གྱི་ཉམས་འགྱུར། རྩོམ་པ་པོའི་རྩོམ་གཤིས་སོགས་མཚོན་པའི་སྟོབས་སམ་ནུས་པ་ཞན་པ་མ་ཟད། འཕྲུལ་ཆས་ཡིག་སྒྱུར་གྱི་མ་ལག་མི་འདྲ་ནའང་། “སྐད་རྒྱུའི་མཛོད”ཀྱི་ནང་དོན་ལ་སྤྱིར་ན་ཁྱད་པར་ཆེན་པོ་མེད་པས། སྒྱུར་བྱེད་རྩོམ་སོ་སོར་རང་རང་གི་ཁྱད་ཆོས་མེད་ལ། སྐབས་འགར་འཕྲུལ་ཆས་ཀྱིས་རྡོ་ཆག་བཙན་སྒྲིག་གིས་བསྒྱུར་ནས་སྒྱུར་བྱེད་སྐད་ཡིག་གི་བརྡ་སྤྲོད་ལུགས་དང་མི་མཐུན་ཞིང་ཀློག་པ་པོས་ཅི་ཡིན་འདི་ཡིན་ཧ་མི་གོ་བ་ཞིག་ཏུ་འགྱུར་གྱི་ཡོད།

དཔེར་ན། “记者从拉萨市消防救援支队了解到,3月30日20时50分市消防救援支队119指挥中心接公安转警称,柳梧新区察古村后山有一名人员登高被困,现场气温较低,急需协助救援”ཞེས་པར། “གསར་འགོད་པས་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་3ཚེས་30ཉིན་གྱི་ཆུ་ཚོད་20དང་སྐར་མ་50ཡི་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་119ཡི་བཀོད་འདོམས་ལྟེ་གནས་ཀྱིས་སྤྱི་བདེའི་ཁ་བསྒྱུར་ཉེན་རྟོག་པའི་བཀའ་འབྱོར་རྗེས་སྣེའུ་ཁུལ་གསར་ཚ་ཁོག་གྲོང་ཚོའི་རྒྱབ་རིའི་ཐོག་གི་མི་སྣ་ཞིག་མཐོ་སར་འཛེགས་ནས་ཉེན་ཁའི་གནས་སུ་གྱུར་ཏེ་ས་གནས་ས་ཐོག་གི་དྲོད་ཚད་ཅུང་དམའ་པོ་ཡིན་པས་རོགས་སྐྱོབ་བྱེད་དགོས་ཀྱི་ཡོད་པ་རེད”ཞེས་པར་བསྒྱུར་ཡོད།

གོང་གི་འཕྲུལ་ཆས་ཀྱིས་བསྒྱུར་བའི་འགྱུར་ཡིག་གི་རྗོད་བྱེད་ཚིག་ལ་སྙན་ཆ་མེད་པ་ཕུད། བོད་རང་གི་སྐད་ཆའི་བརྗོད་ལུགས་དང་མི་མཐུན་ཞིང་། བརྗོད་བྱའི་དོན་ཡང་ལོག་པའི་སྐྱོན་མང་པོ་ཡོད་པས། འཕྲུལ་ཆས་ཀྱིས་ཡིག་སྒྱུར་བྱས་པའི་འགྱུར་ཡིག་ལ་ཞུ་དག་ཡག་པོ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཏུ་མཐོང་།

གསུམ་པ། དོན་གྱི་སྤྱི་ཡོངས་ལ་བསམ་བློ་གཏོང་མི་ཐུབ་པ།

“རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱ་བ་དང་རང་རེའི་བོད་ཀྱི་ལོ་ཆེན་རྣམས་ཀྱིས་ནང་དོན་མ་ཡིག་དང་ཇི་བཞིན་བསྟུན་རྒྱུ་ནི་ལོ་ཙཱའི་བྱ་གཞག་གི་གཞི་རྩ་ཡིན་པར་ཁས་ལེན་པ་རེད”ཅེས་པ་བཞིན། མ་ཡིག་གི་མཚོན་བྱའི་ནང་དོན་འགྱུར་ཡིག་ནས་ཇི་བཞིན་མཚོན་དགོས་རྒྱུ་ནི་ཡིག་སྒྱུར་གྱི་རྩ་དོན་ཡིན་པས། མ་ཡིག་ལ་གོ་བ་ལོག་པར་ལེན་པ་དང་འགྱུར་ཡིག་ནང་བརྡ་ཡང་དག་སྤྲོད་མི་ཐུབ་པ་སོགས་ཀྱི་སྐྱོན་སྤོང་ཅི་ཐུབ་བྱེད་དགོས། ཡིན་ནའང་། འཕྲུལ་ཆས་ཡིག་སྒྱུར་ལ་མ་ཡིག་གི་གོ་བ་ལོག་པར་སྟོན་པ་དང་། བུ་ཡིག་གི་བརྡ་སྤྲོད་ལུགས་དང་མི་མཐུན་པ་སོགས་སྤྱི་ཡོངས་ལ་བསམ་བློ་མི་གཏོང་བའི་སྐྱོན་ཆ་མང་པོ་ཡོད་པ་གཤམ་གྱི་དཔེར་བརྗོད་ཁག་ལས་མཐོང་ཐུབ་པ་སྟེ།

དཔེར་ན། “我区新命名24个‘民间文化艺术之乡’”ཞེས་པར། ཤང་གྲོང་24ལ་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ་ཞེས་པའི་མིང་བཏགས་པ་སྟོན་གྱི་ཡོད་ཀྱང་། འཕྲུལ་ཆས་ཀྱིས“རང་ལྗོངས་ཀྱིས‘དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ’24གསར་དུ་མིང་བཏགས་པ”ཞེས་བསྟན་དོན་ལ་བསམ་བློ་མ་བཏང་བར་དོན་ལོག་པར་བསྒྱུར་ཡོད་པ་དང་། ཡང་དཔེར་ན། “西藏首列旅游主题高铁冠名列车在沪首发”ཞེས་པར། “བོད་ཀྱི་ཡུལ་སྐོར་བརྗོད་བྱ་གཙོ་བོའི་མྱུར་བགྲོད་ལྕགས་ལམ་དང་པོ་ཧྲང་ཧའེ་རུ་ཐོག་མར་འཚོགས་པ་རེད”ཅེས་པ་དང་། “带着感情做好每一件群众牵肠挂肚的小事”ཞེས་པར། “བརྩེ་དུང་ལ་བརྟེན་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་ཆུང་ཆུང་རེ་རེ་ལེགས་པར་བསྒྲུབ་དགོས”ཞེས་པར་བསྒྱུར་བ་སོགས་ལས་ཐ་སྙད་དང་ཚིག་དུམ་ལ་གོ་བ་ཡག་པོ་ལོན་མེད་པ་མཐོང་ཐུབ།

རང་རྒྱལ་གྱི་མཁས་དབང་ཝང་ཙའོ་ལང་གིས། “གལ་སྲིད་འཕྲུལ་མིར་རིག་གནས་ཀྱི་འདུ་ཤེས་ལྡན་ན་མ་གཏོགས་མི་ཐབས་ཡིག་སྒྱུར་གྱི་ཚབ་བྱེད་མི་ཐུབ། དེའི་རྒྱུ་མཚན་ནི་སྒྱུར་པ་པོ་ནི་དོན་ལ་གནས་པའི་རིག་གནས་པ་ཞིག་ཡིན་པས་སོ”ཞེས་གསུངས་པ་བཞིན། འཕྲུལ་འཁོར་ཡིག་སྒྱུར་གྱིས་ང་ཚོའི་ལས་ཀར་སྟབས་བདེ་མང་པོ་སྐྲུན་བཞིན་ཡོད་ལ། དེར་དགེ་མཚན་ཡང་མི་ཉུང་བ་ཞིག་ལྡན་མོད། དེས་ཡིག་སྒྱུར་བྱས་པའི་འགྱུར་ཡིག་ནས་མ་ཡིག་གི་རྩོམ་གཤིས་དང་། རྩོམ་པ་པོའི་བསམ་བློའི་ཁྱད་ཆོས། རྩོམ་པ་པོའི་བརྩེ་དུང་། མི་རིགས་ཀྱི་ཁྱད་ཆོས་དང་དུས་བབ་ཀྱི་ཁྱད་ཆོས་སོགས་མངོན་ཐབས་མེད་ལ། སྐབས་རེར་མ་ཡིག་གི་གོ་དོན་ལོག་པར་སྟོན་པ་དང་། བུ་ཡིག་གི་བརྡ་སྤྲོད་ལུགས་དང་མི་མཐུན་པ་སོགས་ཀྱི་སྐྱོན་ཆ་མང་པོ་མཆིས་པས། ཡིག་འགྱུར་སྤྱི་ཡོངས་ཀྱི་སྤུས་ཚད་ཞན་དུ་འགྲོ་བའི་སྣང་ཚུལ་མངོན་གྱི་ཡོད་སྟབས། མཉེན་ཆས་འདི་རིགས་སྤྱད་ན་སྟབས་བདེ་ངེས་ཅན་ཡོད་ཀྱང་། འཕྲུལ་ཆས་ཀྱིས་ཡིག་སྒྱུར་བྱས་རིགས་ཚང་མར་ཞུ་དག་ཡག་པོ་གཏོང་དགོས་རྒྱུ་ནི་གནད་ཀྱི་དམ་པའོ།

(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་དབང་སྒྲོན་སྐྱིད)