པར①ནི་དཔོན་དམག་གིས་བཅའ་སྡོད་བྱ་ཡུལ་སློབ་འབྲིང་གི་སློབ་མ་གསར་པར་དམག་སྦྱོང་བྱེད་བཞིན་པ།
པར②ནི་དཔོན་དམག་ཚོས་སློབ་མར་དམག་མིའི་ཉལ་ཆས་ལྟེབ་རྩེག་རྒྱག་སྟངས་སློབ་བཞིན་པ།
པར③ནི་སློབ་མ་ཚོས་དྲག་ཆས་གོ་མཚོན་ལ་ཉམས་ལེན་བྱེད་བཞིན་པ།
པར④ནི་དཔོན་དམག་ཚོས་སློབ་མའི་སྣེ་ཁྲིད་ནས་གསར་བརྗེའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
པར⑤ནི“དམག་སྒར་སྒོ་དབྱེ་ཉིན་མོའི”བྱེད་སྒོར་དཔོན་དམག་ཚོས་རུ་སྟར་བསྒྲིགས་ནས་སྦྱོང་བརྡར་བྱེད་བཞིན་པ།
པར⑥ནི་སློབ་མས་དམག་མིའི་ལམ་རྒྱགས་ཀྱི་བྲོ་བ་མྱོང་བཞིན་པ།
པར⑦ནི་དཔོན་དམག་དང་ལྗོངས་ཕྱིའི་སློབ་མས“བརྙན་ལམ་སྦྲེལ་མཐུད”ཀྱི་བྱེད་སྒོ་སྤེལ་བཞིན་པ།
ཞོགས་པའི་ཉི་གཞོན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རིའི་རྩེ་མོར་འཕྲོ་བའི་དུས་སུ། ས་བབ་སྨི་4900ཙམ་ཟིན་པའི་འཁོན་རྒྱལ་སོ་ལྟ་ཁང་ནས་མལ་ལས་ལངས་རྒྱུའི་དུང་བརྡ་གསང་པོ་ཞིག་གྲགས་ཤིང་། སྐབས་དེར“ལེགས་རྩེ་མཐའ་སྲུང་དཔེ་བཟང་ལེན་ཤོག”གི་མཛུབ་ཁྲིད་པ་བསོད་ནམས་བཀྲ་ཤིས་ཀྱིས་བརྙན་ལམ་མ་ལག་བརྒྱུད་སོ་ལྟ་ཁང་དང་འབྲེལ་བ་བྱས་ཏེ་ཉིན་དེའི“བརྙན་ལམ་སྦྲེལ་མཐུད”བྱེད་སྒོ་བཀོད་སྒྲིག་བྱེད་བཞིན་ཡོད།
ལེ་དབར་སྟོང་གིས་ཆོད་པའི་ལྗོངས་ཕྱིའི་སློབ་ཆུང་གི་སློབ་ཁང་དུ་ཕྲུ་གུ་ཚོས་གངས་རིའི་སོ་དམག་དང་བརྙན་ལམ་བརྒྱུད་ཐུག་འཕྲད་བྱ་རྒྱུར་སྒུག་བཞིན་ཡོད། སློབ་ཁང་གི་ནག་པང་སྟེང་དུ“ཆེས་གཅེས་པར་འོས་པའི་མི་ལ་གུས་འདུད་ཞུ”ཞེས་བྲིས་ནས་བརྗོད་དོན་གཙོ་བོའི་འཛིན་ཚོགས་འཚོག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ཕྲུ་གུ་ཚོས་རྒྱལ་དར་གྱིས་སློབ་ཁང་ཧྲིལ་པོ་བརྒྱན་པ་ལས་རྒྱལ་གཅེས་ཀྱི་རྣམ་པས་ཁེངས།
དེ་ནི་བོད་སྡོད་དཔུང་སྡེ་ཞིག་གིས་ནུས་ཤུགས་ཡོད་རྒུས་བཏོད་པའི“ཟུར་གསུམ་གཞི་གཅིག”གི་རྒྱལ་སྲུང་སློབ་གསོའི་བཀོད་པ་གསར་པ་མཚོན་པའི་བསྡུས་རིས་ཤིག་རེད།
གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་དམག་དཔུང་སྟོབས་ཆེའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།
དཔུང་སྡེ་དེའི་འགོག་སྲུང་ཁུལ་དུ་སློབ་གྲྭ་འབྲིང་ཆུང་མང་ཞིང་། མང་ཆེ་བ་ས་བབ་ཅུང་མཐོ་བའི་མཐའ་མཚམས་ས་ཁུལ་དུ་ཡོད། སློབ་གྲྭ་དེ་དག་རྒྱ་ཆེན་པོ་མེད་ཀྱང་རྒྱལ་སྲུང་སློབ་གསོ་སྤེལ་སའི་གནས་གལ་ཆེན་ཤ་སྟག་རེད། ལོ་མང་རིང་དཔུང་སྡེ་དེས“སློབ་གྲྭར་རྒྱལ་སྲུང་སློབ་གསོ་ཁྱབ་སྤེལ་གཏོང་བའི”བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་མཐའ་སྲུང་འགོག་སྲུང་གི་རྩ་བ་གཞོན་ནུ་ལོ་ཆུང་གི་སེམས་སུ་ཚུགས་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲུང་སློབ་གསོ་སྤེལ་བར་དམ་འཛིན་ཏན་ཏིག་བྱ་ཆེད། དཔུང་སྡེ་དེས“ལེན་ཤོག་གཅིག་དང་སློབ་གྲྭ་གཅིག”གི་ཆ་སྒྲིག་ལམ་སྲོལ་བཙུགས་ཤིང་། ལེན་ཤོག་རུ་ཁག་ཚང་མས་བཅའ་སྡོད་བྱ་ཡུལ་གྱི་སློབ་གྲྭ་དང་གཏན་འཇགས་འབྲེལ་བ་བཙུགས་ཏེ། དུས་བཀག་ལྟར་ཕུལ་བྱུང་དཔོན་དམག“སློབ་ཕྱིའི་ཟུར་ཁྲིད་པའི”འགན་འཁུར་བར་མངགས་ཡོད། དཔུང་སྡེ་དེས་སློབ་མའི་ལོ་ཚད་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྒྱལ་སྲུང་སློབ་གསོའི་སློབ་ཚན་ཇུས་འགོད་ཞིབ་ཚགས་བྱས་པར་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་ཡོད་ལ། ལག་ལེན་དངོས་ཀྱི་ཉམས་ལེན་ཡང་ཡོད་ཅིང་། ནང་དོན་གྱི་གྲས་སུ་རྒྱལ་སྲུང་ལོ་རྒྱུས་དང་། དམག་དོན་ཤེས་བྱ། མཐའ་སྲུང་གཏམ་རྒྱུད་སོགས་ཕྱོགས་མང་པོ་ཚུད་ཡོད།
གངས་ལྗོངས་ཀྱི་མཐའ་སྲུང་བ་དང་རི་གྲོང་གི་སློབ་མའི་དབར་སྙིང་གཏམ་ཤོད་རེས་བྱས་པ།
“གྲོགས་པོ་ཆུང་ཆུང་ཚོ་ཁམས་བཟང་། ད་ལྟ་ང་ཚོ་གནས་ས་འདི་ས་བབ་སྨི་4900ཙམ་ཟིན་པའི་འཁོན་རྒྱལ་སོ་ལྟ་ཁང་རེད”དྲ་རྒྱ་བརྒྱུད་སོ་ལྟ་ཁང་གི་དཔོན་དམག་དང་ཁྲུང་ཆིང་ཅང་པེ་ཧྭ་ཡུས་ཚོད་ལྟའི་སློབ་གྲྭའི་དབར་བརྙན་ལམ་སྦྲེལ་མཐུད་བྱས་པ་རེད། བརྙན་ལམ་ནང་དཔོན་དམག་ཚོས་བརྙན་ཤེལ་གྱི་མདུན་དུ་གྲལ་སྒྲིག་པོར་བསྡད་ཡོད། སྐབས་འགར་བརྡ་རྟགས་བརྟན་པོ་མེད་ཀྱང་དཔོན་དམག་ཚོའི་སྒམ་རླིང་ལྡན་པའི་རྣམ་འགྱུར་དང་བྱམས་བརྩེའི་འཛུམ་མདངས་བརྙན་ལམ་ནས་གསལ་པོར་མཐོང་ཐུབ།
བརྙན་ཤེལ་ལ་ལྟ་བཞིན་པའི་ཕྲུ་གུ་ཚོས་ཡ་མཚན་ཆེན་པོས“ཨ་ཁུ་ལགས། ཁྱེད་ཚོ་དེ་གར་གྲང་མོ་མི་འདུག་གམ” “ཁྱེད་ཚོ་དེ་གར་གསོ་རླུང་མི་འདང་བ་བྱེད་ཀྱི་མི་འདུག་གམ”ཞེས་སྐད་ཆ་སྣ་ཚོགས་དྲིས་པར་དཔོན་དམག་ཚོས་ངང་རྒྱུད་རིང་པོས་ལན་བརྒྱབ་པ་མ་ཟད། ད་དུང་ཆེད་མངགས་ས་མཐོའི་གྲང་འགོག་སྒྲིག་ཆས་དང་གསོ་རླུང་འཕྲུལ་ཆས་ཀྱང་བསྟན།
“བརྙན་ལམ་སྦྲེལ་མཐུད་ཀྱི་རྒྱལ་སྲུང་སློབ་གསོའི་སློབ་ཚན”གྱི་སློབ་ཚན་ཚང་མ་ཇུས་འགོད་ཞིབ་ཚགས་བྱས་པ་མ་ཟད། དེ་མཚུངས་ཀྱི་སློབ་ཁྲིད་ནང་དོན་དང་མཉམ་འགུལ་ལྷུ་ཚིགས་ཀྱང་བཀོད་སྒྲིག་བྱས་ཤིང་། ལོ་རིམ་དམའ་བའི་སློབ་མར་མྱོང་རོལ་དང་ཉམས་ལེན་གཙོ་བོར་བྱས་ཏེ་མཐའ་སྲུང་འཚོ་བར་ལྟ་བ་དང་གཏམ་རྒྱུད་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱལ་གཅེས་བརྩེ་སེམས་འཕེལ་བར་བྱེད་པ་དང་། ལོ་རིམ་མཐོ་བའི་སློབ་མར་རྒྱལ་སྲུང་ཤེས་བྱ་དང་དམག་དོན་རྒྱུན་ཤེས་སློབ་ཁྲིད་བྱས་ཏེ་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་གི་ཡོད།
ཁྲུང་ཆིང་ཅང་པེ་ཧྭ་ཡུས་ཚོད་ལྟའི་སློབ་གྲྭའི་སློབ་སྤྱིས“‘བརྙན་ལམ་སྦྲེལ་མཐུད་ཀྱི་རྒྱལ་སྲུང་སློབ་གསོའི་སློབ་ཚན’གྱི་ཕན་འབྲས་སྔོན་དཔག་ལས་ཆེ་བ་ཐོན་ཞིང་། ཕྲུ་གུ་ཚོས་བརྙན་ཤེལ་བརྒྱུད་མཐའ་སྲུང་དཔོན་དམག་གི་ལས་ཀའི་ཁོར་ཡུག་དངོས་སུ་མཐོང་ཐུབ་ཡོད། སློབ་གསོ་དེ་རིགས་ནི་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པ་ལྟར་རེད”ཅེས་བཤད།
དགེ་སློབ་ཚོར་ཐག་ཉེ་ས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་ཉམས་བཟང་ཚོར་དུ་བཅུག་པ།
དཔུང་སྡེ་དེའི་བཅའ་སྡོད་སྒར་ཁུལ་དུ། བཅའ་སྡོད་བྱ་ཡུལ་ནས་ཡོང་བའི་དགེ་སློབ་རྣམས“དམག་སྒར་སྒོ་དབྱེའི་ཉིན་མོའིབྱེད་སྒོར་ཞུགས་བཞིན་ཡོད་ཅིང་། དཔུང་སྡེ་དེས་ཉེ་བའི་ལོ་ཤས་རིང“དམག་སྒར་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་ཐེངས་མང་སྤེལ་བའི་དམིགས་ཡུལ་ནི་མང་ཚོགས་ལ་ཐག་ཉེ་ས་ནས་དཔུང་སྡེ་འཛུགས་སྐྱོང་གི་གྲུབ་འབྲས་ཤེས་རྟོགས་ཐུབ་ཏུ་བཅུག་སྟེ། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་ཆེད་རེད།
ཉེ་བའི་ལོ་ཤས་རིང་། དཔུང་སྡེ་དེས་དུས་བཀག་ལྟར་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་དང་། སློབ་གྲྭའི་དགེ་སློབ། སྲིད་གཞུང་གི་ལས་དོན་པ་བཅས“དམག་སྒར་སྒོ་དབྱེའི་ཉིན་མོའི”བྱེད་སྒོར་གདན་དྲངས་པ་དང་། དམག་སྒར་དུ་བསྐྱོད་ནས་དམག་དོན་སྦྱོང་བརྡར་ལྟ་སྦྱོང་དང་དཔུང་སྡེའི་འཚོ་བར་ཉམས་ལེན་བྱེད་དུ་བཅུག་ཡོད། བྱེད་སྒོའི་ནང་དོན་ཐད་དྲག་ཆས་གོ་མཚོན་འགྲེམས་སྟོན་དང་། དམག་དོན་སློབ་ཚན་སྟོན་པ། དམག་དོན་ཉམས་ལེན་དང་མཉམ་འགུལ་སོགས་ཀྱི་ལྷུ་ཚིགས་ཚུད་ཡོད།
དཔུང་སྡེ་དེས་འཚོལ་ཞིབ་དང་ལག་ལེན་བྱས་པའི“སློབ་གྲྭ་ལེགས་སྒྱུར+བརྙན་ལམ་སྦྲེལ་མཐུད+དམག་སྒར་ཉམས་ལེན”ཕྱོགས་བསྡུས་ཅན་གྱི་སློབ་གསོ་གཏོང་སྟངས་ཀྱིས་ཕྱོགས་བསྡུས་ཅན་དང་ཡོངས་སུ་ཁྱབ་པའི་རྒྱལ་སྲུང་སློབ་གསོའི་མ་ལག་བདེ་བླག་ངང་བཏོད་ཅིང་། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་དང་། དྲ་ཐོག་དང་དྲ་ཕྱི་སྦྲེལ་མཐུད། སློབ་གསོ་དང་ཉམས་ལེན་མཉམ་འདྲེས་བཅས་བྱས་པ་རེད།