1965ལོའི་ཟླ་9ཚེས་1ཉིན། བོད་ཀྱི་ས་གནས་ཁག་ནས་ཡོང་བའི་འཐུས་མི་ལྷ་སར་མཉམ་འཛོམས་ཀྱིས་བརྗིད་ཉམས་ལྡན་པའི་ཚོགས་ཁང་དུ་བསྐྱོད་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོར་ཞུགས། ཁོང་ཚོས་རང་ཁྱིམ་རང་བདག་གི་སྤོབས་སེམས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་དུ་འདེམས་ཤོག་འཕེན་སྒམ་ནང་བརྗིད་ཆེའི་འདེམས་ཤོག་དེ་འཕངས་པ་རེད།
འདི་ནི་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བའི་དུས་སྐབས་རླབས་ཆེན་ཞིག་རེད། བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་དང་སྦྲགས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཡོད། དུས་དེ་ནས་བཟུང་བོད་དུ་འཕེལ་རྒྱས་དང་ཡར་ཐོན་གྱི་དུས་རབས་གསར་པ་ཞིག་འགོ་ཚུགས་ཡོད།
ལོ་ངོ་དྲུག་ཅུ་སྐད་ཅིག་ཙམ་དུ་འདས། བྱས་རྗེས་རླབས་ཆེན་ལོ་རྒྱུས་དེབ་ཐོག་་འཁོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་གྱི་ལོ་ངོ་60ནི་སྤྱིར་བཏང་མིན་པའི་ལོ་ངོ་60ཡིན། ལོ་ངོ་60ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ཀྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་པ་བཅས་བྱས་པས།“དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
མང་ཚོགས་ཚོའི་སྙིང་གཏམ་ནི་ཁ་ཞེ་གཉིས་མེད་དང་། བབ་ཆགས་ཤོས། གཏིང་ཟབ་ཤོས་བཅས་རེད། ཕྱོགས་ཁག་གི་མི་སྣའི་གཏམ་གླེང་ལ་ཉན་དུས། ལོ་ངོ་60ཡི་རིང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་ས་མཐོའི་བུ་ཕྲུག་ཚོའི་གདེང་ཚོད་དང་སྤོབས་སེམས་ཤུགས་ཆེན་འཕེལ་བ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་བདག་པོའི་ཉམས་འགྱུར་ཐོག་ནས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ནང་ཞུགས་ཏེ་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་བ་དང་། ལོ་ངོ་60ཡི་རིང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལས་ཏང་གི་ཆབ་སྲིད་ཀྱི་བློ་གྲོས་དང་ལག་ལེན་གྱི་ཉམས་མྱོང་རྣམ་པར་མངོན་པ་དང་། སྐྱེ་སྟོབས་ཀྱི་གསོན་ཤུགས་དང་ཁྱད་འཕགས་རང་བཞིན་ཆེན་པོ་མངོན་ཏེ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་གོང་བཀུར་མཐའ་གཅིག་ཏུ་ཐོབ་པ་ང་ཚོས་གཏིང་ཟབ་ཚོར་བྱུང་།
“ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་བྱམས་བརྩེའི་རོགས་སྐྱོར་ལ་བརྟེན་ནས་གངས་ལྗོངས་ས་མཐོ་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་དགོས” “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད” ངག་ཐོག་ལོ་རྒྱུས་སྐོར་བཅར་འདྲི་བྱེད་སྐབས། ཤོད་མཁན་མི་རེ་ངོ་རེས་བརྩེ་བ་ལྷད་མེད་ངང་རང་ཉིད་འགྲམ་གྱི་འཕེལ་རྒྱས་གནས་ཚུལ་རེ་རེ་བཞིན་བརྗོད་པ་ནི་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ཆེན་པོ་ལྡན་པ་ཞིག་རེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འགྱུར་ལྡོག་ཆེན་པོ་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་པས། གཞི་ནས་ད་ཆའི་བོད་ལྗོངས་དར་རྒྱས་ཡར་ཐོན་འདི་བྱུང་བ་དང་། གཞི་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད།
(པ་སངས་ཚེ་རིང་དང་། བསྟན་བློ། པད་ཆོས་བཅས་ཀྱིས་སྒྱུར་ཞུས་བྱས)