《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月05日

རང་ཁྱིམ་ལྟར་གྱི་དྲོ་སྐྱིད་སྦྱིན། རྒན་རྒོན་ཚེ་མཇུག་བདེ་ལ་འཁོད།

—— སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་ཚོས་གཅེས་སེམས་བཟའ་བཏུང་ཞབས་འདེགས་ཞུས་པའི་མཐོང་ཐོས།

ཉིན་གུང་ལ་སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་སྨན་གླིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཇ་ཁང་དུ་སྐྱོད་སྐབས། ཚོམས་ཆེན་ནས་དགོད་སྒྲ་བར་མེད་དུ་གྲགས་འོང་། གྲོང་ཚོའི་རྒན་རྒོན་རྣམས་ཅོག་ཙེའི་འཁྲིས་སུ་རུབ་རུབ་བྱས་ནས་བསྡད་ཡོད་པ་དང་། བྲོ་བ་ཞིམ་པའི་འབྲས་ཚལ་དང་། རླངས་པ་འཚུབ་འཚུབ་ཀྱི་ཤ་མོག དྲི་ཞིམ་ལྷང་ལྷང་དུ་འཐུལ་བའི་ནས་ཐུག འཚོ་བཅུད་ཆེ་བའི་ཇ་སྲུབ་མ་སོགས་རིམ་པས་བསྐྱལ་བས། རྒན་རྒོན་ཚོས་ལྟོ་ཆས་ཟ་ཞོར་ཅི་འཕྲོས་མོལ་འཕྲོས་ཤོད་པའི་སྣང་ཚུལ་དེ་ལས་དྲོ་སྐྱིད་ལྡན་པའི་ཚོར་བ་ཟབ་མོ་ཞིག་ངང་གིས་སྦྱིན་འོང་།

དེ་ནི་ཡུལ་དེས་བཏོན་པའི་གཅེས་སེམས་བཟའ་བཏུང་ཞབས་འདེགས་ཞུས་པའི་སྐོར་ཡིན་པ་དང་། དེ་ནི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བར་ཕན་འདོགས་པའི་མཚོན་ཚུལ་ཞིག་ཡིན་ལ། དམངས་འཚོ་འགན་ལེན་གྱི་བསྡུས་རིས་ཤིག་ཀྱང་རེད།

2021ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད། སྨན་གླིང་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་སྐུལ་སློང་བྱས་ཏེ་མ་དངུལ་སྒོར་ཁྲི་20ཙམ་གྲབས་གསོག་བྱས་ཏེ་རྒྱལ་ལམ་འགྲམ་དུ་སྨི་ངོས་གྲུ་70ལྷག་ཙམ་ཟིན་པའི་ཇ་ཁང་ཞིག་བཙུགས། ཇ་ཁང་གནས་ཡུལ་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ་བས་ཉིན་ལྟར་ཇ་ཁང་དུ་ཡོང་མཁན་མང་པོ་ཡོད། 2024ལོར་ཇ་ཁང་གི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་37ཟིན་པ་དང་དུད་ཚང་རེར་བགོ་འགྲེམས་སྒོར་ཁྲི་1ཙམ་རག་ཡོད།

“དང་ཐོག་ཉེ་འཁོར་གྱི་མང་ཚོགས་དང་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་དམིགས་ནས་ཇ་ཁང་བཙུགས་པ་རེད། ཕྱིས་སུ་དུད་ཚང་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་གྲོང་ཚོར་ཁེར་སྡོད་རྒན་རྒོན་དང་དབང་སྐྱོན་རྒན་རྒོན་18ཡོད་པ་དེ་དག་གཟུགས་པོ་ཐང་པོ་མེད་པ་དང་བུ་ཕྲུག་འཁྲིས་ལ་མེད་པ་སོགས་ཀྱི་རྐྱེན་པས་རྟག་པར་ལྟོ་ཆས་ཚ་པོ་རག་གི་མེད་པ་ཤེས་པས་ང་ཚོར་སེམས་ཁྲལ་ལངས་བྱུང་། བྱས་ཙང་ང་ཚོས་གྲོང་ཚོའི་མཉམ་སྡེབ་ལ་བརྟེན་ནས་ཁོང་ཚོར་རོགས་རམ་བྱས་ཏེ་རྒན་རྒོན་དེ་དག་ལ་ལྟོ་ཆས་ཚ་པོ་རག་པ་དང་ལྟ་སྐྱོང་དེ་བས་ཡག་པ་ཐོབ་པར་བསམ་བློ་བཏང་བ་ཡིན”ཞེས་སྨན་གླིང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཀུན་དགའ་ཡིས་གཅེས་སེམས་བཟའ་བཏུང་ཞབས་འདེགས་ཞུ་བའི་ཐོག་མའི་ཀུན་སློང་སྐོར་གླེང་།

རིང་པོ་མ་སོང་བར་གྲོང་ཚོའི་སྤྱི་ཁྱབ་ཀྲི་པུའུ་ཡིས་ཞིབ་འཇུག་བྱས་རྗེས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་ཇ་ཁང་བཙུགས་ཏེ་གཅེས་སེམས་བཟའ་བཏུང་ཞབས་འདེགས་ཞུས་ནས་གྲོང་ཚོའི་རྒན་རྒོན་ལ་ཉིན་ལྟར་སྒོར་10ཡི་ཚད་གཞི་བཟོས་ཏེ་རིན་མེད་ལྟོ་ཆས་བཏང་ནས་ཁོང་ཚོར་ལྟོ་ཆས་ཚ་པོ་དུས་ཐོག་ཏུ་རག་པར་བྱས་ཡོད།

“གྲོང་ཚོའི་ལས་བྱེད་པས་ཉིན་ལྟར་ཇ་ཁང་དུ་སྐོར་བ་རྒྱག་པར་ཡོང་སྟེ་ཟས་རིགས་ཀྱི་རྒྱུ་ཆའི་འཕྲོད་བསྟེན་གནས་ཚུལ་ཤེས་རྟོགས་དང་། ང་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱས་ནས་ལྟོ་ཆས་ཞིམ་པོ་ཡོད་མེད་དང་དཀའ་ངལ་ག་རེ་ཡོད་མེད་སོགས་དྲིས་ནས་སེམས་ཁུར་ཚད་མེད་བྱེད་ཀྱི་འདུག”ཅེས་ལོ་60ལ་སླེབས་པའི་བྱང་ཆུབ་རིག་འཛིན་གྱིས་དེ་ལྟར་བཤད།

གཅེས་སེམས་བཟའ་བཏུང་ཞབས་འདེགས་ཞུས་པ་དེས་གྲོང་པ་ཁྱིམ་མཚེས་དབར་གྱི་འབྲེལ་བ་སྔར་བས་ཡག་ཏུ་ཕྱིན་ཡོད། གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཇ་ཁང་དེ“གྲོང་མིའི་དོན་གྲོས་ཚོམས་ཆེན”ལ་བརྩིས་ཏེ་འདི་ག་ནས་དམངས་འདོད་ཉན་པ་དང་། གྲོས་འགོ་བསྡུ་རུབ་བྱེད་པ། འགལ་ཟླ་དང་རྩོད་གཞི་སེལ་བ་བཅས་བྱེད་པ་དང་། རྒན་རྒོན་ཚོ་དང་གཏམ་གླེང་སྣ་ཚོགས་བྱས་པས་གྲོང་པ་ཁྱིམ་མཚེས་དབར་གྱི་རྩོད་གཞི་ཐག་གཅོད་ནུས་ལྡན་ཐུབ་པ་དང་གྲོང་མི་ཁག་ཅིག་གིས་སེམས་ཁྲལ་བྱེད་པའི་གནད་དོན་ཡང་ཐག་གཅོད་ཐུབ་སྟེ་ཇ་ཁང་ཆུང་ཆུང་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་སེམས་གཅིག་སྒྲིལ་གྱི་སྐར་ཁུང་ལྟ་བུར་གྱུར་ཡོད།

“ན་ནིང་ཚུན་དུ་ང་ཚོས་གྲོང་ཚོའི་དོན་ཆེན་ཁག་5ཐག་གཅོད་བྱས་པ་དང་། འགལ་ཟླ་དང་རྩོད་གཞི་ཁག་18འདུམ་འགྲིག་བྱས་པའི་ཁྲོད་ཕྱེད་ཀ་ཡན་ཇ་ཁང་དུ་འཆར་འགོད་དང་གྲོས་བསྡུར་བྱས་པ་རེད”ཅེས་སྨན་གླིང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཚེ་རིང་དོན་གྲུབ་ཀྱིས་དེ་ལྟར་བཤད།

སྨན་གླིང་རྫོང་གིས་གཅེས་སེམས་བཟའ་བཏུང་ཞབས་འདེགས་ཞུས་ཏེ་རང་ཁྱིམ་ལྟར་གྱི་དྲོ་སྐྱིད་སྦྱིན་ནས་རྒན་རྒོན་རྣམས་ཚེ་མཇུག་བདེ་ལ་རོལ་ཐུབ་པར་བྱས་ཡོད། དམངས་ཕན་གྱི་བྱ་ཐབས་དེ་སྨན་གླིང་གྲོང་ཁྱེར་དུ་རིམ་བཞིན་ཁྱབ་གདལ་གཏོང་བཞིན་ཡོད་པས། ཕྱིས་འབྱུང་རྒན་རྒོན་སྔར་ལས་མང་བར་ཕན་པ་ཐོགས་རྒྱུ་རེད།