《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月05日

མང་ཚོགས་ལ་ཡོང་འབབ་རག་པ་དང་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ།

ཉེ་ཆར། མལ་གྲོ་གུང་དཀར་རྒྱ་མ་གྲོང་རྡལ་ཁྲི་ཁང་གྲོང་ཚོའི་ཚོགས་ཆུང་5པའི(བུ་ལགས་ཚོགས་ཆུང)སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ལས་ཡུལ་དུ་གཡོས་འཁོར་རྒྱུན་ཆད་མེད་པར་འཁོར་སྐྱོད་བྱེད་པ་དང་མང་ཚོགས་ཀྱིས་ལམ་ངོས་ཁོད་སྙོམས་པ་དང་ཆུ་ཡུར་བཟོ་བར་བྲེལ་བཞིན་ཡོད་པས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།

ཡུལ་མི་བསྟན་འཛིན་ལམ་ངོས་སུ་གཞལ་བ་གཏོང་བཞིན་ཡོད་ཅིང་། ཁོང་གི་རྐང་འོག་གི་འགྲོ་ལམ་དེ་ཟླ་ཕྱེད་གོང་གང་སར་འབར་འབུར་དང་འདམ་རྫབ་ཀྱིས་ཁེངས་ནས་ཡོད། ད་ལྟ་ལམ་ངོས་ཁོད་སྙོམས་པོ་ཞིག་ཏུ་གྱུར་ཡོད། “སྔོན་ཆད་ཞིང་དལ་སྐབས་ཡོང་འབབ་བརྟན་པོ་མེད་པ་དང་ཕྱིར་ལས་ཀར་འགྲོ་འདོད་ཀྱང་ཁྱིམ་དུ་ཕ་མ་རྒན་རྒོན་ཡོད་པས་སྟབས་བདེ་པོ་མི་འདུག ད་ལྟ་ལས་ཡུལ་གྲོང་ཚོའི་མདོ་ལ་ཡོད་པས་ཉིན་ལྟར་གླ་ཆ་བརྟན་པོ་ལེན་རྒྱུ་ཡོད་པ་མ་ཟད། ཉིན་གུང་ད་དུང་རྒན་རྒོན་ལ་ལྟ་རྟོག་བྱེད་ཐུབ་ཀྱི་འདུག”ཅེས་བསྟན་འཛིན་གྱིས་བཤད།

ཡུལ་མི་ཚོགས་ཆུང་གི་ཙུའུ་ཀྲང་དར་རྒྱས་ལས་ཡུལ་དུ་ཨར་ལས་ཀྱི་མྱུར་ཚད་ལ་སྐོར་ཞིབ་བྱེད་བཞིན་འདུག ཁོང་གིས། སྔོན་ཆད་ལམ་ངོས་འབར་འབུར་ཡིན་པའི་དབང་གིས་ཆར་པ་བབས་རིམ་བཞིན་རླངས་འཁོར་འདམ་རྫབ་ནང་ཚུད་ཀྱི་ཡོད། ཉམས་བཟོ་བྱས་རྗེས་ཨར་ལས་རྒྱུ་ཆ་སྐྱེལ་འདྲེན་གྱི་རླངས་འཁོར་ཆེ་གྲས་འགྲོ་ཐུབ་ཀྱི་འདུག རྣམ་གྲངས་ལས་འགོ་ཚུགས་རྗེས། གྲོང་ཚོའི་མང་ཚོགས་ཀྱིས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་མིང་ཐོ་ཧུར་ཐག་བཀོད་པ་དང་ད་ཆ་ཉིན་ལྟར་ཡུལ་མི་30ལྷག་ཙམ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཀྱི་ཡོད་ཅེས་བཤད།

ལས་ཡུལ་གྱི་ཟུར་གཅིག་ཏུ་ལག་རྩལ་པས་ཡུལ་མིར་ལམ་ངོས་བདག་སྐྱོང་བྱེད་སྟངས་སློབ་བཞིན་ཡོད་པ་སྟེ“ཨར་འདམ་བསྐམས་ཙམ་ལ་དུས་ཐོག་ཏུ་ཆུ་རྒྱག་དགོས་པ་དང་འགྱིག་ཤོག་སྲབ་མོ་གཡོག་སྐབས་ས་ངོས་ལ་སྦྱར་པོ་བྱེད་དགོས” ཡུལ་མི་ཚོས་ནན་ཏན་ངང་ཉན་པ་མ་ཟད། ད་དུང་གཙོ་གནད་དག་ཟིན་བྲིས་བརྒྱབ། ཡུལ་མི་མཚོ་མོས“སྔོན་ཆད་ས་ཞིང་འདེབས་རྒྱུ་ལས་ཤེས་ཀྱི་མེད། ད་ལྟ་རགས་རྒྱག་སྟངས་དང་བདག་སྐྱོང་བྱེད་སྟངས་སོགས་སློབ་སྦྱོང་བྱས་པ་དེས་ལས་ཞུགས་ཐབས་ལམ་མང་དུ་ཕྱིན་སོང”ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ཟླ་བ་ལྔ་པའི་ཟླ་འགོར་ལས་འགོ་བཙུགས་པ་དང་། མིག་སྔར་ལས་གྲྭ་མཇུག་འགྲིལ་ནས་གྲོང་ཚོའི་འགྲོ་ལམ་ཤར་གཏོང་དང་བཙོག་ཆུ་གཤོང་འབུད་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།