འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2025ལོའི་པུའུ་དོན་ཚོགས་འདུ་ཐེངས་11པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། ཕྱག་བྲིས་གལ་ཆེན་བཅས་ཀྱི་དགོངས་དོན་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།
དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་བ་དང་འབྲེལ། རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་སོགས་ཀྱི་མཛད་སྒོ་རབ་དང་རིམ་པའི་དྲིལ་བསྒྲགས་དང་གནས་ཚུལ་སྤེལ་གཏོང་གི་ལས་དོན་མུ་མཐུད་ལེགས་པར་སྒྲུབ་པ་དང་། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་ཞིབ་འཇུག་འཆད་འགྲེལ་ལ་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་དྲིལ་བསྒྲགས་ལས་དོན་གང་མགྱོགས་སྤེལ་ནས། དུས་རབས་གསར་པའི་བོད་ལྗོངས་གསར་པའི་འཕེལ་རྒྱས་ཡར་ཐོན་གྱི་གཏམ་རྒྱུད་རང་འགུལ་ངང་ཡག་པོ་བརྗོད་དགོས། སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་། དག་ཐེར་བཅོས་སྒྲིག་ལ་རྒྱུན་མཐུད་དམ་འཛིན་ཡག་པོ། སྤྱོད་ཚུལ་ནན་པོར་བརྟེན་ནས་སློབ་སྦྱོང་སློབ་གསོའི་མཇུག་བསྡུའི་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་ལས་ཀའི་དོན་གནད་གཞན་དག་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།
(པ་ཚེས་བསྒྱུར། པ་ཚེ་དང་ཕུར་སྒྲོན་གྱིས་ཞུས)