《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月03日

བློ་ཚེ།

“སེམས་ནང་མང་ཚོགས་བཅངས་ཚེ་སྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་མེད”

ལྷུན་རྩེ་རྫོང་གྲོང་ནས་ཐོན་ཏེ་གཞུང་ཆུའི་ལྷོ་ངོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལ་སྒང་གཙོ་བོ་བརྒྱུད་ཤར་ཕྱོགས་སུ་བསྐྱོད་ཚེ་ཡུལ་སྨད་ཤང་དུ་སྐྱོད་སའི་གཞུང་ལམ་ལ་འབྱོར། གཞུང་ཆུའི་ངོགས་སུ་གཉལ་སྨད་དང་། བྱ་ཡུལ། སྒྲོན་པ་བཅས་ཤང་གྲོང་3ནུབ་ནས་ཤར་དུ་ཆགས་ཤིང་། ཆུ་ལམ་དང་རི་བོའི་དབར་གྱི་དོག་ལམ་དུ་སྐྱོད་སྐབས། ཆུ་རུད་ཐོན་ཤུལ་མིག་ལམ་དུ་འཆར་འོང།

“ཆུ་རུད་ཐོན་ཤུལ་དེའི་འོག་ནི་དེ་སྔའི་ཕང་གྲོང་ཚོ་གནས་ཡུལ་ཡིན”ཞེས་ལྷུན་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་བློ་ཚེས་བརྗོད་པ་དང་། ཁོང་གིས“2019ལོར་གྲོང་ཚོར་ཆུ་རུད་ཀྱི་གནོད་འཚེ་མ་ཕོག་གོང་། རྫོང་གིས་ཕང་གྲོང་ཚོ་ཧྲིལ་པོ་གནས་སྤོ་བྱ་རྒྱུའི་བཀོད་སྒྲིག་བྱས་ཡོད། སྐབས་དེ་དུས་ང་རང་ད་དུང་བྱ་ཡུལ་གྲོང་རྡལ་དུ་ལས་ཀ་བྱེད་ཀྱི་ཡོད་པས། མཐའ་མཚམས་གྲོང་ཚོ་འདི་ཁྱོན་ཡོངས་གནས་སྤོ་བྱས་པ་ནས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་བར་གྱི་བརྒྱུད་རིམ་དངོས་སུ་བརྒྱུད་མྱོང་ཡོད”ཅེས་བརྗོད།

2018ལོའི་ཟླ་10པར། ས་གཤིས་སྡེ་ཚན་གྱིས་རྩད་ཞིབ་ཐིག་ལེན་ཐེངས་མང་བྱས་པ་བརྒྱུད། ཡུལ་སྨད་དང་ལམ་ཐག་ཆུ་ཚོད་3ཙམ་ལས་མེད་པའི་ཕང་གྲོང་ཚོའི་ལྷོ་ངོས་སུ་རི་ཉིལ་བའི་ཉེན་ཁ་ཡོད་པས། གྲོང་ཚོ་ཧྲིལ་པོ་ཡུལ་གཞན་དུ་གནས་སྤོ་བྱེད་དགོས་པའི་ཉེན་བརྡ་བཏང་། གནས་ཚུལ་དེ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་པས། གནས་སྤོ་སྐུལ་སློང་བྱེད་པའི་ལས་འགན་དེ་བྱ་ཡུལ་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཕྲག་ཐོག་ཏུ་བབས།

“དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པར་འགན་ལེན་བྱ་ཆེད། ལས་བྱེད་པ་མི་རེས་དུད་ཚང་ཁ་ཤས་ཀྱི་གནས་སྤོས་ལས་ཀའི་འགན་ཁུར་ཡོད”ཅེས་བློ་ཚེས་བརྗོད་པ་དང་། ཁོང་གིས་ཀྱང་མང་ཚོགས་དུད་ཚང་ཁ་ཤས་གནས་སྤོས་བྱེད་པར་སྐུལ་སློང་བྱས་ཡོད།

ཕང་གྲོང་ཚོའི་མང་ཚོགས་ཀྱི་སེམས་ནང་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་སའི་ཁྱིམ་གཞིས་འདི་ནི་ཁོང་ཚོའི་བློས་གཏོང་དཀའ་བའི་རྟེན་ས་ཞིག་ཡིན་ཞིང་། དེས་ཀྱང་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་གཞི་རིམ་ཏང་ཡོན་ལས་བྱེད་པའི་ནུས་པར་ཉམས་སད་ཐེབས་ཡོད།

གཞི་རིམ་ཏང་ཡོན་ལས་བྱེད་པ་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གྲོང་ཚོའི་ལམ་དང་གྲོང་ཚོའི་གཤམ་གྱི་རྒྱལ་ལམ་219ལམ་དུམ་ལ་ཆུ་རུད་ཐོན་སྐབས་གྲོང་ཚོ་ཡོངས་ཀྱི་དུད་ཚང་100ཡི་མང་ཚོགས་260ལྷག་ཙམ་ལ་གནོད་སྐྱོན་ཅི་ཡང་ཕོག་མེད།

“ཆུ་རུད་ཐོན་སྐབས། ང་ཚོ་ཏང་ཡོན་ལས་བྱེད་པའི་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་པར་ཉམས་སད་ཐེབས་ཡོད། སེམས་ནང་མང་ཚོགས་བཅངས་ཚེ་སྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་མེད”ཅེས་བློ་ཚེས་བརྗོད།