《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月03日

པ་སངས་ཚེ་རིང་།

“ང་རང་ཡུལ་སྨད་དུ་སྡོད་པའི་ལོ་18རིང”

“སྐབས་དེ་དུས་ཡུལ་སྨད་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་མི་ཤེས་ལ། ཅི་འདྲའི་དཀའ་སྡུག་ཆེ་བའང་ཤེས་ཀྱི་མེད”

པ་སངས་ཚེ་རིང་གིས་2007ལོར་རང་ཉིད་རྫོང་དུ་ཐོ་འགོད་པར་འགྲོ་སྐབས། ལྷུན་རྩེ་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་བྱམས་པ་དང་གླེང་མོལ་བྱེད་སྐབས་ཀྱི་གནས་ཚུལ་ད་ལྟའང་གསལ་ལེར་དྲན་གྱི་ཡོད། ཡུལ་སྨད་ནི་རྫོང་ཡོངས་ཀྱི་ཐག་རིང་ཤོས་ཀྱི་ཤང་ཞིག་ཡིན་པས། ལམ་ཡག་པོ་མེད་ལ་འཕྲིན་གཏོང་ཡང་སྟབས་བདེ་པོ་མེད། ཤང་ཡོངས་ལ་སློབ་ན་ལོན་པའི་བྱིས་པ་ལྔ་ལས་མེད་ཅིང་། རྫོང་ནས་ཚབ་ཁྲིད་དགེ་རྒན་20བསྡུས་པའི་ནང་ཁོང་གཅིག་པུས་ཡུལ་སྨད་དུ་འགྲོ་རྒྱུའི་རེ་ཞུ་བྱས་སྟབས། བྱམས་པས་ཁོང་ལ་དཀའ་སྡུག་མྱང་རྒྱུའི་བསམ་བློའི་གྲ་སྒྲིག་བྱེད་དགོས་ཞེས་བཤད།

2007ལོའི་སྟོན་ཁར། པ་སངས་ཚེ་རིང་ཡུལ་འདིར་ཐེངས་དང་པོར་སླེབས། སྐབས་དེར་ཡུལ་སྨད་དུ་འགྲོ་སའི་ལམ་བུ་ནི་འབར་འབུར་ཆེ་ཞིང་། 2008ལོར་གཞུང་ལམ་བདག་སྐྱོང་ཚན་པ་ཡུལ་སྨད་དུ་བཅའ་སྡོད་བྱས་རྗེས་ལམ་ངོས་ཁོད་སྙོམས་སུ་ཕྱིན་མོད། འོན་ཀྱང་ལོ་རེའི་དུས་ཚོད་ཕྱེད་ཀ་ཙམ་སྔར་བཞིན་གངས་ཆེན་པོ་བབས་ནས་ལམ་ཤར་གཏོང་ཐུབ་ཀྱི་མེད། ལོ་འགའ་སོང་རྗེས་ཁ་པར་ཤར་གཏོང་ཐུབ་ནའང་ཤང་སྲིད་གཞུང་དང་གྲོང་མི་ཆོས་འཛོམས་ཆུང་བའི་ཁྱིམ་ལ་མ་གཏོགས་ཁ་པར་མེད། ཆུ་ཀ་ལ་དེ་བས་མེད་ལ། གློག་ཀྱང་ཧ་ཅང་བརྟན་པོ་མེད།

2016ལོར་ཡུལ་སྨད་དུ་དྲ་སྦྲེལ་ཤར་གཏོང་ཐུབ་པ་རེད།

2017ལོའི་ཟླ་10ཚེས་29ཉིན་གྱི་ཉིན་གུང་ཁུ་སིམ་པའི་ཡུལ་སྨད་འཁྲུག་ཆ་དོད་པོར་གྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་འདུག་ཅེས་ཁྱིམ་མཚེས་ཕན་ཚུན་ལན་སྐྱེལ་བཞིན་མཆིས།

“དེ་ཉིན་སྒྲོལ་དཀར་དང་གཡང་འཛོམས་གཉིས་པོ་དགའ་ངུའི་མིག་ཆུ་འཕྱིད་བཞིན་འདུག ལོ་བདུན་བརྒྱད་ཙམ་སོང་མོད། ཉིན་དེ་བསམ་བློར་འཁོར་རིམ་བཞིན་ད་དུང་ཡང་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག ང་ཚོ་ཤང་ཡོངས་ཀྱི་མི་ཚང་མ་མཉམ་དུ་འཛོམས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ཉན་པ་ཡིན”ཞེས་བཤད།

“ཡུལ་སྨད་དུ་སྡོད་པའི་ལོ་18རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། འདི་གར་འགྱུར་ལྡོག་ཆེ་ཤོས་བྱུང་ཡོད”ཅེས་པ་སངས་ཚེ་རིང་གིས་ཁོད་སྙོམས་པའི་འགྲོ་ལམ་དང་སྡོད་ཁང་གསར་པར་མཛུབ་མོ་འཛུགས་བཞིན་བཤད། ལོ་18བརྟན་སྲུང་བྱས་པ་ལས་ཁོང་གིས་ཡུལ་སྨད་ཀྱི་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད་ལ་འདི་གར་གཞིས་ཀྱང་ཚུགས་ཡོད།