རླངས་འཁོར་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་ལུང་གཞུང་མཐིལ་དུ་འབྱོར་བ་ན། དུད་ཁྱིམ་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་མཐའ་མཚམས་གྲོང་རྡལ་ཆུང་ངུ་ཞིག་མིག་ལམ་དུ་མངོན་འོང་། དེ་ནི་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་དེ་སྔའི“མི་གསུམ་ཤང”ཡུལ་སྨད་རེད།
སྔོན་ཆད་གནས་དེར་དུད་ཁྱིམ་1ལས་མེད་པ་དེས་ཕྱུགས་ཟོག་འཚོ་བཞིན་མཐའ་མཚམས་བརྟན་སྲུང་བྱེད་ཀྱི་ཡོད། ད་ཆ། ཡུལ་སྨད་འདི་ཉིད་དུད་ཁྱིམ་67དང་མི་200ལྷག་ཙམ་ཡོད་པའི་ཡིད་དུ་འོང་བའི་འབྱོར་འབྲིང་དཔེ་སྟོན་ཤང་དུ་གྱུར་ནས། ཁེར་རྐྱང་གི་གནས་ལས་རྦད་དེ་གྲོལ་ཞིང་། རྒྱལ་ཡོངས་ནས་ས་རྒྱ་ཆེ་ཤོས་དང་མི་འབོར་ཉུང་ཤོས་ཀྱི་ཤང་སྟེ། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ལ་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
སྐར་ལྔའི་དར་དམར།
སྐད་སྒྲ་མེད་པའི་དམ་བཅའ་ཡིན་ལ། ཁྲག་རྒྱུན་ལ་སིམ་པའི་དད་མོས་དེ་བས་ཀྱང་ཡིན།
1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་སྐབས། ཡུལ་སྨད་ཤང་ལ་སངས་རྒྱས་ཆོས་པའི་དུད་ཁྱིམ་མ་གཏོགས་མེད།
ཡུལ་སྨད་ནི་ཧི་མ་ལ་ཡའི་ལྷོ་འདབས་སུ་གནས་པ་དང་ཆ་སྙོམས་ས་བབ་སྨི་3600ཟིན་གྱི་ཡོད་ཅིང་། ལོ་ལྟར་ལོ་ཕྱེད་ཀྱི་རིང་གངས་ཆེན་པོས་རི་ལུང་བསྟུམས་ནས“ས་མཐོའི་ཁེར་ཆགས་གླིང་ཕྲན”དུ་གྱུར།
1963ལོར། དེ་གར་སྡོད་མཁན་དུད་ཁྱིམ་ས་ཕྱོགས་གཞན་དུ་སྤོས་རྗེས། ཡུལ་དེ་གའི་སྲིད་གཞུང་གིས་སངས་རྒྱས་ཆོས་པའི་ཁྱིམ་ཡང་སྤོ་དགོས་པའི་སྐུལ་མ་བྱས། ཡུལ་ཕྱོགས་གཞན་དུ་དུས་ཐུང་འཚོ་བ་བསྐྱལ་རྗེས། ཁོང་གིས་བློ་ཐག་ཆོད་པོས་ནང་མི་ཡོངས་ཁྲིད་ནས་ཡུལ་སྨད་དུ་ལོག ཁོང་གི་སྐད་ཆ་ནི་ཡུལ་སྨད་ཀྱི་ནགས་ཚལ་གསེབ་ཀྱི་ཕ་བོང་སྟེང་དུ་བརྐོས་པའི“ཀྲུང་གོ”ཞེས་པའི་ཡིག་འབྲུ་ཆེན་པོ་གཉིས་དང་འདྲ་བར་མངོན་གསལ་དོད་པ་སྟེ། “མི་ཡོད་ན་ཁྱིམ་གཞིས་ལ་གཞི་ནས་ལྟ་སྲུང་ཡག་པོ་ཐུབ་པ་དང་། ས་ཆ་དེར་ཡང་སྲུང་སྐྱོང་བྱེད་ཐུབ”ཅེས་པ་དེ་རེད།
ཡུལ་ལུང་དེར་སྲུང་སྐྱོང་ལོ་ངོ་བཅུ་ཕྲག་དུ་མ་བྱས་ཤིང་། སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གསུམ་པོས་རང་ཉིད་ཀྱི་གོམ་བགྲོད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་པ་མ་ཟད། ཤང་དེ་ཡོངས་ཀྱི་སྐར་ལྔའི་དར་དམར་གཅིག་པོ་དེ་བསྒྲེང་གི་ཡོད། དམར་མདངས་དེ་ནི་སྐད་སྒྲ་མེད་པའི་དམ་བཅའ་ཡིན་ལ་ཁྲག་རྒྱུན་ལ་སིམ་པའི་དད་མོས་དེ་བས་ཀྱང་ཡིན་པ་རེད།
2011ལོར། ཟླ་བ་ཡུལ་སྨད་ཤང་གི་ཤང་ཀྲང་སྐབས་གསུམ་པར་བསྐོས། ཁོང་གིས་ད་ལྟའང་བརྗེད་དཀའ་བ་ནི་ཡུལ་སྨད་ཤང་དུ་ཐོག་མར་སླེབས་དུས་ཀྱི་རྣམ་པ་ཡིན་ཏེ། “དེ་དུས་ཀྱི་ཡུལ་སྨད་ནི་སྔར་བཞིན་ལོ་ཕྱེད་ཙམ་རིང་ལམ་འགགས་པ་དང་། དྲ་རྒྱ་ཤར་གཏོང་མི་ཐུབ་པ། གློག་བརྟན་པོ་མེད་པ་བཅས་ཀྱི་གནས་ཚུལ་ཡང་སེ་ཐོན་ལ། ཤང་ཡོངས་སུ་ལས་བྱེད་པ་དང་མང་ཚོགས་50ལྷག་ཙམ་ལས་མེད། ཡིན་ནའང་མངོན་གསལ་དོད་ཤོས་ནི་དུད་ཁྱིམ་ཚང་མའི་ཐོག་ཁར་སྒྲེང་བའི་སྐར་ལྔའི་དར་དམར་རེད”
2017ལོར་ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་མ་ཐག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོར་འཕྲིན་ལན་སྤྲིངས་པ་དེ་དཔྱིད་ཀྱི་འབྲུག་སྒྲ་ལྡིར་བ་ལྟར་གངས་ལྗོངས་ས་མཐོར་ཡོངས་སུ་ཁྱབ།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་དེ་གངས་ལྗོངས་ས་མཐོའི་མཐའ་མཚམས་འཕེལ་རྒྱས་ཆེན་པོ་གཏོང་བའི་སྒུལ་ཤུགས་སུ་གྱུར།
སྐབས་དེ་དུས་ཤང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཟླ་བས་བརྗོད་དོན། བགྲེས་སོང་སངས་རྒྱས་ཆོས་པར་བསམ་འདུན་གཉིས་ཡོད་པ་སྟེ། གཞུང་ལམ་ཤར་གཏོང་དང་སྨན་པ་ཡོད་རེ་བྱེད་པ་དེ་རེད། དེ་གཉིས་ཀྱང་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག་མངོན་འགྱུར་བྱུང་ཡོད། 1996ལོར་སྲིད་གཞུང་གིས་ལས་བྱེད་པ་དང་སྨན་པ་མངགས་པ་དང་ཡུལ་མི་དུད་ཚང་གཉིས་རང་ཡུལ་ལ་གནས་སྤོས་ནས“མི་གསུམ་ཤང”གི་ལོ་རྒྱུས་མཇུག་འགྲིལ་བ་དང་། 2001ལོར་ཡུལ་སྨད་དུ་འགྲོ་སའི་གཞུང་ལམ་ཤར་གཏོང་ཐུབ་པ། 2011ལོར་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་བཙུགས་པ་བཅས་ལས་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་སོང་ནས་ཡུལ་སྨད་ལ་རིམ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
མཐུན་རྐྱེན་ཡག་ཏུ་སོང་རུང་།
མཐའ་སྲུང་གི་ཐོག་མའི་བསམ་འདུན་སྔར་བཞིན་བརྟན་པོར་གནས་པ།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”བཀོད་སྒྲིག་ལས་མཐའ་བརྟན་མཐའ་དར་གྱི་བརྗིད་ཆེའི་འཆར་འགོད་བཏིང་ཡོད། ཡུལ་སྨད་དེ་ཉིད་རང་སྐྱོང་ལྗོངས་ཀྱི“མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ”གཙོ་གནད་འཛུགས་སྐྲུན་གྱི་ཤང་དུ་བཅུག་པ་ནས་བཟུང་། ཡུལ་སྨད་ཤང་གིས་གཙོས་པའི་ཧི་མ་ལ་ཡའི་ས་ཕྱོགས་གང་ས་དང་ཐག་རིང་གྲོང་གསེབ་མང་པོར“བློ་བརྟན་གཞུང་དྲང་གིས་བརྟན་སྲུང”ནས“རིག་ལྡན་མཐའ་དར”བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱེད་འགོ་ཚུགས།
སྐབས་དེ་དུས་ཡུལ་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཧུའུ་ཞུའེ་མིན་གྱིས། “ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་ང་ཚོས་མཐའ་མཚམས་སྲུང་སྐྱོང་བྱེད་ཤུགས་དེ་བས་ཆེ་རུ་ཕྱིན་པ་དང་། ཨ་ཅག་སྒྲོལ་དཀར་ལོ་ན་མཐོ་རུང་། ‘སངས་རྒྱས་ཆོས་པའི་མཐའ་མཚམས་སྐོར་གཡེང་ལམ་བུར་བསྐྱར་དུ་སྐྱོད་པའི’བྱེད་སྒོར་རྟག་ཏུ་ཞུགས་ཀྱི་ཡོད། ཤང་དེ་ཡོངས་ལ་ཏང་ཡོན་ནི་གདོང་ལེན་དང་ཀྲི་པུའུ་ནི་མཁར་རྫོང་ཡིན”ཞེས་ཕྱིར་དྲན་བྱས་པ་དང་། ཤང་ཏང་ཨུད་ཀྱིས་སྐུལ་འདེད་གཏོང་བ་དང་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་མཐའ་སྲུང་དཔུང་སྡེ་དང་བཅའ་སྡོད་མི་དམངས་ཉེན་རྟོག་པ་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་མཐའ་མཚམས་སྐོར་གཡེང་ལམ་སྲོལ་བཙུགས་པ་རེད།
ཟླ་བས་ཀྲེ་པུའུ་ཧྲུའུ་ཅིའི་འགན་འཁུར་རིང་བཟོས་པའི“མི་ཚང་མ་སོ་དམག་དང་དུད་ཚང་ཚང་མ་སོ་ཁང་ཡིན་པའི”རྨང་གཞིའི་ཐོག དམག་དམངས་མཉམ་འདྲེས་ཀྱི་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་ཕྱིན་ཡོད། རིག་ནུས་གློག་མིག་བསྒར་བ་དེ་ནི་གནའ་བོའི་མཐའ་མཚམས་འགག་སྒོ་དེར་ཚན་རྩལ་གྱི་གཤོག་ཟུང་བསྒར་བ་དང་གཉིས་སུ་མེད།
འཕེལ་རྒྱས་ཀྱི་རྦ་རླབས་འཕྱུར་ནས་ཡུལ་སྨད་ཀྱི་རྣམ་པ་གསར་རྐྱང་དུ་གྱུར།
“སངས་རྒྱས་ཆོས་པས་རྒྱལ་ཁབ་ས་ཆ་སྲུང་གི་ཡོད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས་དད་སེམས་སྲུང་གི་ཡོད། ཡུལ་སྨད་བ་མི་རབས་གསར་པས་འཕེལ་རྒྱས་སྲུང་སྐྱོང་བྱེད་ཀྱི་ཡོད” ད་ཆ། ཡུལ་སྨད་ཀྱི་ཡུལ་དམག་སྐོར་གཡེང་རུ་ཁག་གིས་མི་རབས་གོང་མའི་ཞབས་རྗེས་དེད་དེ་རྒྱུས་མངའ་ཆེ་བའི་མཐའ་མཚམས་སྐོར་ཞིབ་ལམ་དུ་སྐྱོད་བཞིན་ཡོད། སྔོན་ཆད་རྐང་ཐང་མར་གངས་རི་བརྒལ་དགོས་ཀྱི་ཡོད། ད་ཆ་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་4བསྐྱོད་ན་རྫོང་གྲོང་ལ་སླེབས་ཐུབ་ཅེས་ཧུའུ་ཞུའེ་མིན་གྱིས་བཤད།
མཐུན་རྐྱེན་ཡག་ཏུ་སོང་རུང་། མཐའ་མཚམས་སྲུང་བའི་ཐོག་མའི་བསམ་འདུན་སྔར་བཞིན་བརྟན་པོར་གནས་ཡོད།
སྐལ་བཟང་མེ་ཏོག་རབ་ཏུ་བཞད།
ལེ་དབར་ཁྲི་ཡི་མཐའ་མཚམས་འགག་སྒོ་དེ་བས་མཛེས་སུ་ཕྱིན་པ།
ཡུལ་སྨད་ཀྱི་འགྱུར་ལྡོག་ནི་བོད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཕྱོགས་ཡོངས་ནས་བསྐྲུན་པའི་བསྡུས་རིས་ཤིག་རེད།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་དུམ་བུ་བར་མར་ཡོད་པའི་འདྲེན་ཐང་གྲོང་རྡལ་ཏེ། སྔོན་ཆད“ཀྲུང་གོའི་སྐམ་ལམ་གྱི་ཁེར་ཆགས་གླིང་ཕྲན་མཐའ་མ”ཞེས་འབོད་པའི་མཐའ་མཚམས་གྲོང་རྡལ་ཆུང་ཆུང་འདིས་2024ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་700ཙམ་ཟིན་ནས། ཆ་སྙོམས་ཞིང་འབྲོག་པ་རེར་ཡོང་འབབ་སྒོར་15582རག་ཡོད།
ཉེ་བའི་ལོ་ཤས་རིང་། འདྲེན་ཐང་གྲོང་རྡལ་གྱིས་མཛེས་མ་མཚོ་དང་། ཆུ་མིག་དགུ ཀརྨ་རོང་སོགས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་འཐུས་སྒོ་ཚང་དུ་དང་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་སྣ་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། དེ་སྔའི“སྐམ་ལམ་གྱི་ཁེར་ཆགས་གླིང་ཕྲན”དེས་ཤར་པའི་གླུ་གར་དང་མང་ཆག་ཆང་གི་དྲི་ཞིམ་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་གྱི་ལེའུ་གསར་རྩོམ་བཞིན་ཡོད།
ཧི་མ་ལ་ཡའི་ནུབ་སྣེའི་མངའ་རིས་བདེ་མཆོག་གྲོང་ཚོ་ནས་ཤར་སྣེའི་ཉིང་ཁྲི་མེ་ཏོག་བར་གྱི་སྦག་སྦག་སྐོར་གཡེང་རུ་ཁག་བར་དང་། དེ་ནས་དབུས་ཀྱི་མཐའ་མཚམས་ཚོང་དོན་ཡུལ་སྐོར་བྱེད་མང་བའི་ཁུལ་བར། ལྗོངས་ཡོངས་ཀྱི་མཐའ་མཚམས་ཤང་དང་གྲོང་རྡལ་དང་གྲོང་ཚོ་བཅས་སུ་གློག་དང་། ལམ། དྲ་སྦྲེལ་བཅས་ཡོངས་སུ་ཁྱབ་པ་དང་། མཐའ་མཚམས་ས་ཁུལ་གྱི་གསར་སྤེལ་སྒོ་འབྱེད་ཆུ་ཚད་རྒྱུན་མཐུད་ཇེ་མཐོར་སོང་ཞིང་། ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། མཐའ་མཚམས་ཡུལ་སྐོར་དང་། རྒྱལ་སྒྲོལ་ཡུལ་སྐོར། མཐའ་མཚམས་ཚོང་དོན་བཅས་ཀྱི་ཡོང་འབབ་ཉིན་རེ་བཞིན་འཕར་ཡོད།
2025ལོའི་ཟླ་6ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ“ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་དང་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་དེ་གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱས་ཐོག‘ཁམ་བུའི་མེ་ཏོག་གྲོང་ཚོའི’སྤུས་རྟགས་དེ་བས་ལེགས་པར་བཏོད་ནས་མེས་རྒྱལ་གྱི་དར་རྒྱས་སྲ་བརྟན་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི”སྐུལ་ལྕག་གནང་ཡོད།
(བདེ་དབང་དང་། གནམ་ཕྱུག་རྒྱལ། བསོད་བདེ་ཆེ་བ། དམ་ཆོས། བསོད་ནམས་དཔའ་མོ། ལྷག་ཚེ། ཚེ་དབང་ལྷ་མོ། པ་སངས་ཚེ་རིང་ཆེ་བ། བུ་ཁྲིད་བཅས་ཀྱིས་སྒྱུར་ཞུས་བྱས)