1995ལོའི་དཔྱིད་ཀར། ལོ་18ལ་སླེབས་པའི་ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཧོ་ཆིང་རྫོང་གི་པའེ་རིགས་གཞོན་ནུ་ཀྲོའུ་ལིན་ཀའོ་ཡིས་ས་མཐོར་བློ་ཁ་ཕྱོགས་ནས་ལྷ་སར་ཡོང་བའི་འགྲུལ་བཞུད་བྱེད་འགོ་ཚུགས། དེ་རྗེས་ཀྱི་ལོ་འགའི་ནང་ཀྲོའུ་ལིན་ཀའོ་དང་པའེ་རིགས་ཀྱི་དངུལ་བཟོ་བ་རྣམས་གང་སར་ཐེངས་མང་སྤོ་དགོས་བྱུང་ཡོད། 2012ལོར་སྲིད་གཞུང་གི་གཅིག་གྱུར་འཆར་འགོད་དང་ཁྲིད་སྟོན་འོག་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་པ་གཟིམ་གྲོང་ཚོའི་ཉེ་འགྲམ་དུ་གནས་སྤོས། ཀྲོའུ་ལིན་ཀའོ་ཡིས“ཧོ་ཆིང་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་དངུལ་བཟོ་བ་དང་ཟངས་བཟོ་བ་དུད་ཚང་བརྒྱ་ལྷག་ཙམ་འདི་གར་འདུས་སྡོད་བྱས་ཡོད”ཅེས་བཤད། ད་ཆ་ས་གནས་དེ་གའི་མིས“པའེ་རིགས་ཀྱི་དངུལ་བཟོ་བའི་གྲོང་ཚོ”ཞེས་འབོད་པའི་ཁྲོམ་གཞུང་དེར་ལག་ཤེས་པའི་དུད་ཚང་400ལྷག་ཙམ་འཚོ་བ་སྐྱེལ་གྱི་ཡོད།
ཐོག་མར་བོད་དུ་སླེབས་སྐབས། ཀྲོའུ་ལིན་ཀའོ་དང་ལག་ཤེས་པ་ཚོས་བོད་མི་རིགས་ཀྱི་སྣོད་ཆས་ཀྱི་བཟོ་ལྟ་དང་ཐུན་མོང་མ་ཡིན་པའི་རི་མོ་སོགས་ལ་ལྟ་ཞིབ་དང་སློབ་སྦྱོང་བྱས་ཡོད། ལོ་30ཡི་རིང་ལྷ་སའི་པའེ་རིགས་ཀྱི་དངུལ་བཟོ་བས་ཇུས་འགོད་བྱས་ནས་བཟོས་པའི་ཐོན་རྫས་རིགས་1000ལྷག་ཙམ་ཡོད་པ་དག་གཙོ་བོ་བོད་ཀྱི་ས་གནས་ཁག་དང་དེ་བཞིན་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་དང་ཐ་ན་ཕྱི་རྒྱལ་དུ་ཕྱིར་ཚོང་བྱེད་ཀྱི་ཡོད།
རང་ལྗོངས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། སྲིད་ཇུས་ཀྱི་ཕན་པ་སྔར་བས་མང་བ་སྦྱིན་པས། ཀྲོའུ་ལིན་ཀའོ་དང་པའེ་རིགས་ཀྱི་དངུལ་བཟོ་བ་གཞན་དག་གི་འཚོ་བ་དང་བྱ་གཞག་ལ་སླར་ཡང་རེ་བས་ཁེངས་བཞིན་མཆིས།
ཀྲོའུ་ལིན་ཀའོ་ཡིས“ཐོག་མར་འདི་གར་སླེབས་དུས་ད་ལྟའི་འཚོ་བ་སྐྱིད་པོ་འདི་འདྲ་ཡོང་གི་རེད་བསམ་མྱོང་མེད”ཅེས་བཤད། ཁྱིམ་དང་བར་ཐག་ལེ་དབར་སྟོང་ཕྲག་ཆོད་པའི་ས་མཐོར་ལོ་30སྡོད་དགོས་དོན་ཅི་ཡིན་འདྲི་སྐབས། ཁོང་གིས“ས་ཆ་སྐྱིད་པོ་འདིས་ངའི་ཡིད་ཀྱི་བརྟན་པ་འཕྲོག་སོང”ཞེས་བཤད།