ལྷ་ས་གཙུག་ལག་ཁང་གི་ལྷོ་ནུབ་ཟུར་གྱི་རྡོ་གཡམ་ལམ་སྣུར་སྲིང་བྱས་པ་དང་འགྲོ་འོང་བྱེད་མཁན་མང་བས་ལམ་ངོས་འོད་ཐིང་ངེར་གྱུར་ཞིང་། བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། དེ་བཞིན་མི་རིགས་གཞན་དག་བཅས་མཉམ་དུ་འཆམ་མཐུན་ངང་གནས་ཤིང་།
ཀླུ་སྒུག་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་བྱམས་པ་ལྷ་མོས“རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་གཅིག་ཙམ་ཡང་མ་ཟིན་པའི་ས་ཆ་འདིར་མི་རིགས་12དང་། དུད་ཚང་4954 གྲོང་མི་7666བཅས་ཀྱིས་མཐུན་སྒྲིལ་ངང་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད”ཅེས་བཤད།
གཟའ་འཁོར་རེའི་གཟའ་ཕུར་བུར་སྡེ་ཁུལ་བྱེད་སྒོ་ཁང་གི་སྒོ་དུས་ཐོག་ཏུ་ཕྱེ་གི་ཡོད་པ་དང་དེ་ནི་ཀླུ་སྒུག་སྡེ་ཁུལ་གྱི“སྐད་གཉིས་སློབ་ཁང”རེད། བོད་ཀྱི“རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་སྡེ་ཁུལ”ཐོག་མ་དེ་ཡིན་པའི་ངོས་ནས་དེ་གར་སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཚོགས་པོ་ཡོད།
སྡེ་ཁུལ་གྱི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་སྒོ་ར་ཆེན་པོ་དེ་དག་ནི་བདེ་སྐྱིད་འཚོ་བའི་མཚོན་ཚུལ་གསོན་ཉམས་དོད་ཤོས་དེ་རེད། ལོ་26གོང་དུ་མཚོ་སྔོན་ཞིང་ཆེན་གྱི་ཧོར་རིགས་དར་མ་ལི་ཧའེ་ཧྲེང་ལྷ་སར་ཐོག་མར་འབྱོར་སྐབས་རང་ཉིད་ཀླུ་སྒུག་ཏུ་རྩ་བ་ཚུགས་ཐུབ་ཡོང་སྙམ་པ་བསམ་ཡུལ་ལས་འདས། ད་ཆ་ཁོང་གིས་བོད་སྐད་ཐོག་ནས་ཚོང་ཞག་དང་ཅི་འཕྲོས་མོལ་འཕྲོས་བྱེད་ཐུབ་ཀྱི་ཡོད། “ལི་ཧའེ་ཧྲེང་གིས་རྟག་ཏུ་ང་ཚོར‘མི་རིགས་གང་ཞིག་ཡིན་རུང་། ཚང་མས་འབྲས་དང་གྲོ་ཞིབ་ཟ་གི་ཡོད’ཅེས་ཤོད་ཀྱི་ཡོད། བབ་ཆགས་པའི་སྐད་ཆ་དེའི་ཐོག་ནས་ང་ཚོའི་འཆམ་མཐུན་མཉམ་གནས་ཀྱི‘ཁྱིམ་ཚང་ཆེན་པོའི’དྲོ་སྐྱིད་མཚོན་པ་དང་ང་ཚོའི་ཐུན་མོང་གི་ངོས་འཛིན་མངོན་ཡོད”ཅེས་བྱམས་པ་ལྷ་མོས་མྱོང་ཚོར་ཟབ་མོས་བཤད།