འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཕྱོགས་མིའི་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཆེད། ཉེ་ཆར། རང་སྐྱོང་ལྗོངས་དམངས་སྲིད་ཐིང་སོགས་ཚན་པ་དང་སྡེ་ཚན་21གིས《བོད་རང་སྐྱོང་ལྗོངས་ཀྱིས་ཕྱོགས་མིའི་ཕྲུ་གུར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)མཉམ་དུ་བཏོན་པ་འདིའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་མིའི་ཕྲུ་གུའི་ཚོགས་སྤྱིར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཡོད་ལ། འདི་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ལེན་ཧུར་ཐག་དང་དོན་འཁྱོལ་བྱེད་པ་ཞིག་ཀྱང་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།《ལག་བསྟར་ཇུས་གཞི》ནི་དམངས་སྲིད་པུའུ་སོགས་ཚན་པ་དང་སྡེ་ཚན་21གིས་མཉམ་དུ་བཀྲམ་པའི《〈ཕྱོགས་མིའི་ཕྲུ་གུར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་སྤྱོད་ཇུས་གཞི〉འགྲེམ་རྒྱུའི་སྐོར་གྱི་བརྡ་ཐོ》ལྟར། ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་ནས་བཟོས་པ་ཞིག་ཡིན་ཞིང་། ཁྱོན་དོན་ཚན་ཁག་ལྔ་ཡོད་པར་ནང་དོན་ཐད་སྤྱིའི་བླང་བྱ་དང་། བྱེད་ཐབས་གཙོ་བོ། ལག་བསྟར་འགན་ལེན་སོགས་འགག་རྩའི་ལྷུ་ཚིགས་ཚུད་ཡོད་པ་རེད།
གླེང་རིན་ཡོད་པ་ཞིག་ལ། 《ལག་བསྟར་ཇུས་གཞིའི》ཟུར་བཀོད་ཡིག་ཆས《ཕྱོགས་མིའི་ཕྲུ་གུས་སྡོད་གནས་སུ་ལོངས་སྤྱོད་ཆོག་པའི་གཅེས་སྐྱོང་ཞབས་ཞུའི་རྨང་གཞིའི་གསལ་ཐོར》ཞིབ་བསྡུར་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་པ་ལས《བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་མིའི་ཕྲུ་གུས་སྡོད་གནས་སུ་ལོངས་སྤྱོད་ཆོག་པའི་གཅེས་སྐྱོང་ཞབས་ཞུའི་རྨང་གཞིའི་གསལ་ཐོ》གྲུབ་ཡོད། གསལ་ཐོའི་ནང་བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོང་མཁན་ཡོད་པ། འཕེལ་རྒྱས་ལ་འགན་ལེན་ཡོད་པ་བཅས་ཕྱོགས་དྲུག་གི་ཐད་ནས་ཞིབ་ཕྲའི་ཞབས་ཞུའི་ནང་དོན་ཁག་22བཏོན་ཡོད་པ་རེད། རང་ལྗོངས་ཀྱིས་སྨན་བཅོས་རོགས་སྐྱོབ་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད་རོགས་སྐྱོབ། བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་གསར་དུ་བསྣན་ནས་གཅེས་སྐྱོང་ཞབས་ཞུའི་མ་ལག་དེ་བས་ཕུན་སུམ་ཚོགས་སུ་བཏང་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) དེ་དག་ལས་སྨན་བཅོས་རོགས་སྐྱོབ་ཞབས་ཞུའི་ཐད། བྱིས་པའི་སྨན་བཅོས་འགན་སྲུང་དང་ཡུལ་གཞན་དུ་སྨན་བཅོས་འགྲོ་གྲོན་ཐད་ཀར་རྩིས་ཞུའི་རྣམ་གྲངས་ཡག་པོ་བསྒྲུབ་རྒྱུ་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད་རོགས་སྐྱོབ་ཞབས་ཞུའི་ཐད། རིན་པ་མི་དགོས་པའི་གཟུགས་པོ་བརྟག་དཔྱད་དང་། གཞི་རིམ་སྐོར་སྐྱོད་སྨན་བཅོས། བྱིས་པའི་སྐྱེ་འཚར་ལྟ་ཞིབ་ཚད་ལེན་སོགས་གྲལ་བཤེར་ཞབས་ཞུའི་རྣམ་གྲངས་མཁོ་འདོན་བྱས་ཏེ། བླང་བྱ་ལྟར་བྱིས་པའི་ལྷན་སྐྱེས་སྙིང་ནད་རོགས་སྐྱོབ་ཞབས་ཞུའི་རྣམ་གྲངས་དོན་འཁྱོལ་བྱ་རྒྱུ། བཅའ་ཁྲིམས་རོགས་སྐྱོར་ཐད། དཔལ་འབྱོར་ཆ་རྐྱེན་ཞན་ལ་ཁྲིམས་གཏན་འཁེལ་བའི་ཆ་རྐྱེན་དང་འཚམ་པའི་ཕྱོགས་མིའི་ཕྲུ་གུར་བཅའ་ཁྲིམས་བློ་འདྲི་དང་། བཅའ་ཁྲིམས་ཡིག་ཆ་ཚབ་འབྲི། གྱོད་གཞི་ཚབ་གཉེར་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་མཁོ་འདོན་བྱ་རྒྱུ་བཅས་ཡིན། ས་ཁུལ་ཁག་གི་དམངས་སྲིད་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་དེ་གའི་ཕྱོགས་མིའི་ཕྲུ་གུའི་དགོས་མཁོ་དངོས་ལ་གཞིགས་ནས་ས་ཁུལ་གྱི་གསལ་ཐོ་བཟོས་ཏེ། ཁྱབ་ཁྱོན་དང་མངོན་འགྱུར་ཐུབ་ཚད་རང་སྐྱོང་ལྗོངས་ཀྱི་ཚད་གཞི་ལས་མི་དམའ་བར་འགན་ལེན་བྱ་རྒྱུ་དང་སྦྲགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ནོར་སྲིད་གནས་ཚུལ་སོགས་ལ་ཟུང་འབྲེལ་བྱས་ནས་ལེགས་སྒྲིག་དང་བཟོ་བཅོས་བྱ་རྒྱུ་ཡིན་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆེ་བས་ཞུས)