《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月01日

“ཕྱུགས་འོད་གསབ་རེས”ཀྱིས་གསུམ་མདོའི་ལྗང་མདོག་འཕེལ་རྒྱས་ལམ་བུ་བཏོད་པ།

འདི་ནི་ཀོང་པོ་རྒྱ་མདའ་རྫོང་རྒྱ་ཤིང་ཤང་གསུམ་མདོ་གྲོང་ཚོའི་ཀྲུང་ཀོང་ཉིང་རྡུལ་འོད་གསོག་གློག་ཁང་གི་གྲལ་སྟར་འགྲིག་པའི་ཤེལ་ལེབ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ཀོང་པོ་རྒྱ་མདའ་ནས་གློག་འཕྲིན་འབྱོར་གསལ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་ཐོན་ལས་ཀྱི་རྣམ་གྲངས་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་ཤིང་ཤང་གསུམ་མདོ་གྲོང་ཚོས་ཀྲུང་ཀོང་ཉིང་རྡུལ་གྱི“ཕྱུགས་འོད་གསབ་རེས”འོད་ཤུགས་གློག་འདོན་རྣམ་གྲངས་ནང་འདྲེན་ཧུར་ཐག་བྱས་ཏེ། ས་བབ་མཐོ་བའི་འོད་ནུས་ཐོན་ཁུངས་ཀྱི་ལེགས་ཆ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཀོང་ཉིང་རྡུལ་གྱི“ཕྱུགས་འོད་གསབ་རེས”འོད་ཤུགས་གློག་འདོན་རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.27བཏང་ཞིང་། དེའི་ས་ཁྱོན་མུའུ་689.41ཟིན་པ་དང་2024ལོའི་ཟླ་10པར་གློག་དྲ་སྦྲེལ་མཐུད་ཐུབ་ནས་གློག་གཏོང་འགོ་ཚུགས་ཡོད། སྔོན་དཔག་བྱས་ན། ལོ་རེར་ཆ་སྙོམས་གློག་ཏུའུ་ཁྲི་5300གཏོང་ཐུབ་རྒྱུ་རེད། རྣམ་གྲངས་དེར་ཉི་ནུས་ཤེལ་ལེབ་གྲལ་སྟར་སྒྲིག་སྐབས“འོད་ཤུགས་དང་འབྲོག་ལས་ཟུང་འབྲེལ”གྱི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་སྤྱད་པ་དེས་རྫོང་ཁོངས་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཐོན་ཡོད།

རྣམ་གྲངས་འཛུགས་སྐྲུན་བྱས་ཚུན། ཀོང་པོ་རྒྱ་མདའ་རྫོང་གིས་གསུམ་མདོ་གྲོང་ཚོ་དང་དེ་བཞིན་མཐའ་འཁོར་གྱི་མང་ཚོགས་སྒྲིག་འཛུགས་བྱས་ནས་རྩལ་ནུས་གསོ་སྦྱོང་དུས་ཐེངས་ལྔ་བྱས་པ་དང་། ངལ་ནུས་ཞུགས་པ་དང་། ས་ཞིང་བརྒྱུད་བཤུག སྒྲིག་ཆས་བོགས་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་ས་གནས་དེ་གའི་མང་ཚོགས་130ལྷག་ཙམ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཤིང་། གྲོང་ཚོ་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་20.37བྱུང་བ་དང་། ལས་ཞུགས་སྤོ་སྒྱུར་ཡོང་འབབ་སྒོར་ཁྲི་240ལྷག་ཙམ་བྱུང་བ་ལས་ས་གནས་དེ་གའི་མང་ཚོགས་ལ་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

ཚོད་རྩིས་བརྒྱབ་པ་བརྒྱུད། 2025ལོར་རྣམ་གྲངས་དེ་གནས་སའི་ས་ཁོངས་ལ་སྔོན་དཔག་བྱས་ན། ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་2484འཕར་ནས“ཤེལ་ལེབ་ནས་གློག་གཏོང་བ་དང་ཤེལ་ལེབ་འོག་ཏུ་ཕྱུགས་འཚོ་བའི”ཕྱོགས་བསྡུས་འཕེལ་རྒྱས་དངོས་འབྲེལ་ཡོང་རྒྱུ་རེད།