《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月30日

མལ་གྲོ་གུང་དཀར་རྫོང་སློང་མདའ་གྲོང་ཚོ་དང་རྒྱ་མ་རྣམ་གྲངས་པུའུ་ཡིས།

ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། མལ་གྲོ་གུང་དཀར་རྫོང་རྒྱ་མ་གྲོང་རྡལ་སློང་མདའ་གྲོང་ཚོ་དང་ཀྲུང་གོ་ཆུ་གློག་ཅུས་དང་པོའི་བོད་ལྗོངས་རྒྱ་མ་རྣམ་གྲངས་པུའུ་ཡིས་མཉམ་འབྲེལ་ཐོག“ས་གནས་དང་ཁེ་ལས་གཅིག་སེམས་གཅིག་ལ་སྦྲེལ་ནས་མཉམ་དུ་སྐྲུན། གསར་བརྗེའི་གླུ་དབྱངས་བླངས་ནས་ཏང་གི་དྲིན་ལ་བསྟོད་གླུ་འབུལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་སྟེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད།

བྱེད་སྒོ་སྤེལ་རིང་ཚང་མས་རྒྱལ་གླུ་མཉམ་དུ་བླངས་པ་དང་ཏང་ཡོན་གྱིས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་ཏེ། འགྱུར་མེད་དམ་བཅར་བརྟེན་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་བ་དང་། དེ་རྗེས་སློང་མདའ་གྲོང་ཚོའི་གསར་བརྗེའི་སློབ་གསོའི་ལྟེ་གནས་དང་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ཕན་འབྲས་གཏིང་ཟབ་ཐོན་པར་བྱས་ཡོད།

བྱེད་སྒོ་སྤེལ་རིང་རྣམ་གྲངས་པུའི་འགན་འཁུར་བས་རུ་ཁག་གི་སྣེ་ཁྲིད་དེ་ཏང་ཡོན་རྒན་གྲས་ཀྱི་འཐུས་མི་10ལ་འཚམས་འདྲི་བྱས་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲི་བྱས་ནས་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ཁ་བཏགས་གཡོགས་པ་དང་འཚམས་འདྲིའི་དངོས་རྫས་སྤྲད་ནས་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་ཟབ་མོ་མཚོན་པར་བྱས་ཡོད།

ད་ཐེངས་ཀྱི་ས་གནས་དང་ཁེ་ལས་མཉམ་སྐྲུན་གྱི་བྱེད་སྒོའི་ཐོག ཏང་འཛུགས་སྐྱོང་གི་རྣམ་པ་གསར་གཏོད་དང་གཞི་རིམ་ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་མངོན་པ་དང་ས་གནས་དང་ཁེ་ལས་ཀྱིས་རྣམ་པ་གསར་པ་མཉམ་དུ་གཏོད་པར་སྒུལ་ཤུགས་བསྣན་ཡོད།