འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་རྒྱང་མཁར་སྒང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་གི་ལས་དོན་རུ་ཁག་གིས་མ་དངུལ་རང་གྲབས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཁེར་སྡོད་རྒན་རྒོན་དུད་ཚང་10དང་འཚོ་བར་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འཚམས་འདྲིའི་དངུལ་སྒོར་500སོ་སོར་སྤྲད་པ་མ་ཟད། རྒན་རྒོན་ལ་གཙང་སྦྲ་ཡང་བྱེད་རོགས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒན་རྒོན་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཡོད།
འཚམས་འདྲི་བྱེད་རིང་གྲོང་སྡོད་ལས་དོན་རུ་ཁག་གིས་རྒན་རྒོན་དང་ཅི་འཕྲོས་མོལ་འཕྲོས་བྱས་ཏེ། ཁོང་ཚོའི་གཟུགས་པོའི་གནས་ཚུལ་དང་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་སོགས་ཤེས་རྟོགས་བྱས་པ་མ་ཟད། ངང་རྒྱུད་རིང་པོས་རྒན་རྒོན་ཚོའི་སེམས་གཏམ་ཉན་ནས་ཁོང་ཚོར་གཟུགས་པོར་བདག་གཅེས་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་འབྲེལ་དཀའ་ངལ་འཕྲད་དུས་གྲོང་སྡོད་ལས་དོན་རུ་ཁག་དང་འབྲེལ་བ་བྱེད་དགོས་ལུགས་ཀྱང་བརྗོད་པ་རེད། “ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་ང་སེམས་ལ་བཞག་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”“ཁྱེད་ཚོས་གྲོང་ཚོའི་ཆེད་དུ་ལས་ཀ་མང་པོ་བྱེད་དགོས་པ་མ་ཟད། ང་ཚོ་ཡང་སེམས་ལ་ཉར་དགོས་པས་སྐུ་ལས་ཁག་སོང”ཞེས་འཚམས་འདྲིའི་དངུལ་རག་པའི་རྒན་རྒོན་ཚོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།