ཉེ་ཆར། མཚོ་སྨད་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་དེང་དུས་འཚོ་བར་བསྟུན་ན་མི་ཉམས་གོང་དུ་འཕེལ་སྲིད”ཅེས་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་ནས་སྤེལ་བ་རེད།
བྱེད་སྒོ་རབ་དང་རིམ་པའི་ཁྲོད་ནས་ཐོག་མར་འཁྲབ་སྟོན་བྱས་པ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས《བྲག་རྩའི་གོས་རྒྱན》གྱི་ཤོམ་འགྲོས་ཡིན་ལ། དེ་རྗེས་ལྷོ་ཁའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས《བྲག་རྩའི་ཞོ་དཀྲོག་གླུ་གཞས》དང《སྨྲ་བོ་ཅོག་དགོན་པའི་འཆམ》གྱི་གདོད་མའི་རྣམ་པའི་འཁྲབ་སྟོན་ལས་ལྟད་མོ་བ་རྣམས་ལ་མྱོང་ཚོར་དེ་བས་ཟབ་མོ་བྱུང་ཡོད་པ་རེད། མཇུག་མཐར་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཏེ་གཞས་ཆེན《བཀྲ་ཤིས་བྱ་ཁྲ》ཞེས་པ་འཁྲབ་སྟོན་བྱས་ཏེ་ཐུན་མོང་མ་ཡིན་པའི་ས་གནས་ཀྱི་དབྱངས་རྟ་དང་བརྩེ་དུང་ཟབ་མོ་མཚོན་པར་བརྟེན་ནས་མཚོ་སྨད་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་རེད།
ལྷོ་ཁའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས《བྲག་རྩའི་ཞོ་དཀྲོག་གླུ་གཞས》ཀྱི་རྒྱུན་འཛིན་པ་སྤེན་པས“གཞོན་ནུ་ཚོས་གར་སྟེགས་ཐོག་སྤོབས་སེམས་ཆེན་པོས་འཁྲབ་སྟོན་བྱས་པ་ལས། ངས་མེས་པོ་ཚོས་བཞག་པའི་གཅེས་ནོར་འདི་དག་ཉམས་རྒུད་དུ་མ་ཕྱིན་པར་དུས་རབས་གསར་པར་གར་སྟེགས་གསར་པ་རྙེད་ནས་གསོན་ཤུགས་གསར་པ་རྒྱས་བཞིན་པ་ཚོར་གྱི་འདུག”ཅེས་བཤད།
འགྲེམས་འཚོང་ཁུལ་དུ། རྒྱལ་ཁབ་རིམ་པའི་མཆོག་ནོར་བྲག་རྩའི་གོས་རྒྱན་དང《བྲག་རྩའི་ཞོ་དཀྲོག་གླུ་གཞས》དང་འབྲེལ་བའི་རིག་གནས་བསམ་བཀོད་ཐོན་རྫས་སོགས་མང་པོ་ཡོད་པ་དང་། སྤོས་དགའ་གྲོང་ཚོའི་བུད་མེད་བསླས་འཐག་ཁང་གིས་སྲོལ་རྒྱུན་ལག་རྩལ་སྤྱད་དེ་ལག་པས་བཟོས་ཤིང་རང་བྱུང་གི་ཚོས་བརྒྱབ་པའི་བལ་གྱི་ཐོན་རྫས་སྣ་ཚོགས་ཚོས་མདོག་མཛེས་ལ་སྤུས་དག་པོ་ཡོད་པ་རེད།
“བལ་གྱི་སྐེ་དཀྲིས་འདིའི་རིགས་རྒྱུ་འཇམ་སྤུས་དག་དང་རྣམ་པ་དཔེ་གསར་ཡིན་པས་ནང་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ད་རེས་མང་ཙམ་ཉོས་ནས་གྲོགས་པོ་ཚོར་ལག་རྟགས་སུ་སྤྲོད་ཀྱི་ཡིན”ཞེས་མང་ཚོགས་གཡང་འཛོམས་ཀྱིས་བཤད།
མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་དག་ཀུན་གྱིས་མི་ཤེས་པའི་རིག་གནས་ཀྱི་མཚོན་རྟགས་ཙམ་ནས་མཛེས་དཔྱོད་ཀྱི་རིན་ཐང་དང་། དངོས་སྤྱོད་ཀྱི་རིན་ཐང་། རིག་གནས་ཀྱི་ནང་དོན་བཅས་ལྡན་ལ་འཛད་སྤྱོད་ཆོག་པ་དང་འཁོར་རྒྱུག་ཆོག་པའི་ཚོང་ཟོག་ཏུ་རིམ་བཞིན་འགྱུར་གྱི་ཡོད་པས། ལག་རྩལ་བརྟན་སྲུང་བྱེད་མཁན་རྒྱུན་འཛིན་པ་ཚོར་དངོས་དངོས་རྗེན་རྗེན་གྱི་དཔལ་འབྱོར་ཡོང་འབབ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་ཕྱིན་ནས“སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས”བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད་པ་རེད།
“མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པར་གཙོ་ཆེ་ཤོས་ནི་ནང་གནས་ཀྱི་སྐྱེ་སྟོབས་འཕེལ་བར་བྱས་ནས་ད་ཆའི་འཚོ་བའི་ནང་ཁྱབ་པར་བྱ་རྒྱུ་དེ་ཡིན”ཞེས་མཚོ་སྨད་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད། (དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)