《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月04日

གྲངས་འཛིན་ཤེས་ལྡན་པའི་དངོས་སྦྱོང་བྱེད་སྒོ་བཟང་། གྲོང་གསེབ་དར་རྒྱས་ལ་རྩལ་ནུས་གསར་པ་བསྣན།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། ཞིང་ལས་གྲོང་གསེབ་ཐིང་། ཚོང་དོན་ཐིང་། རིག་གནས་དང་ཡུལ་སྐོར་ཐིང་བཅས་དང་མཉམ་དུ་གཉེར་བའི“ཐད་གཏོང་བོད་ལྗོངས”བོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གྲངས་འཛིན་ཤེས་ལྡན་པའི་དངོས་སྦྱོང་བྱེད་སྒོ་སྐབས་དང་པོ་ཆབ་མདོར་སྤེལ་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོས“གྲངས་འཛིན་གྱིས་ཐོན་ལས་ལ་མཐུན་རྐྱེན་སྦྱོར། ཤེས་ལྡན་པས་དར་རྒྱས་ལ་སྣེ་ཁྲིད་བྱེད”ཅེས་པ་གཙོ་རྐང་དུ་བཟུང་སྟེ“རིགས་པའི་གཞུང་ལུགས་དང་། བཀོལ་སྤྱོད། དངོས་འཐབ་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་ཅན་གྱི་གསོ་སྦྱོང་བྱ་ཐབས་བརྒྱུད་ཆེད་ལས་ཚོགས་པ་གདན་དྲངས་ནས་སྦྱོང་བརྡར་ལ་ཞུགས་མཁན་སློབ་མར་བརྙན་ཐུང་གསར་རྩོམ་དང་། ཐད་གཏོང་ཚོང་གཉེར། དྲ་ཐོག་ཚོང་དོན་ལས་གཉེར། སྤུས་རྟགས་གཏོད་པ་སོགས་ཀྱི་ནང་དོན་སློབ་ཁྲིད་གསོ་སྦྱོང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དངོས་སྦྱོང་བྱེད་སྒོ་ནི་རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ལ་དམིགས་ནས་གྲངས་འཛིན་ཤེས་ལྡན་པ་ཆེད་དོན་གསོ་སྐྱོང་བྱེད་སྒོ་སྤེལ་ཐེངས་དང་པོ་དེ་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་སོ་ནམ་ཤེས་པ་དང་། ཐད་གཏོང་ཤེས་པ། ཁྱབ་སྤེལ་མཁས་པ་བཅས་ཀྱི་ས་གནས་དེ་གའི་གྲོང་གསེབ་ཀྱི་གྲངས་འཛིན་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ནས་བོད་ཀྱི་གྲོང་གསེབ་དར་རྒྱས་དང་ཁྱད་ལྡན་ཐོན་ལས་ཆེན་པོ་དགུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཆེད་རེད། ཆབ་མདོ་ནི་ད་ཐེངས་ཀྱི་བྱེད་སྒོའི་ས་ཚིགས་དང་པོ་ཡིན་པ་དང་། རྗེས་སུ་ནག་ཆུ་དང་ལྷ་སར་བྱེད་སྒོ་དེ་རིགས་གཅིག་རྗེས་གཉིས་མཐུད་སྤེལ་རྒྱུ་ཡིན་ཞིང་། བརྒྱུད་རིམ་རང་བཞིན་གྱི་གྲངས་འཛིན་རྩལ་ནུས་གསོ་སྦྱོང་བྱེད་པ་བརྒྱུད་ས་གནས་ཁག་གི་དངོས་སྦྱོང་ལ་ཞུགས་མཁན་སློབ་མའི་དྲ་སྦྲེལ་གྱི་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པ་ཤེས་རྟོགས་དང་བཀོལ་སྤྱོད་བྱེད་ནུས་ཆེ་རུ་གཏོང་རྒྱུ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་བསྟན་བློས་ཞུས)